ཝང་ཅན་ཅུན་གྱིས་མཚོ་ལྷོ་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས།

        ཟླ་བརྒྱད་པའི་ཚེས་བཅུ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅུན་གྱིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་རབས་དང་རིམ་པ་དང་ཁྱད་པར་དུ། བདུན་པའི་ཉེར་དྲུག་ཉིན་གྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་དགོས་ཤིང་། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་བཀོད་སྒྲིག་ལྟར་དུ། སྒྱུར་བ་བཞིའི་བསམ་ཕྱོགས་གསར་བ་དངོས་ཇི་བཞིན་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དངོས་འབེབས་དོན་འཁྱོལ་བྱེད་དགོས། མཐོ་ས་ནས་བསྡད་དེ་གནད་དོན་ལ་བསམ་གཞིགས་གཏོང་དགོས་ཤིང་། བློ་ཁོག་ཡངས་མོའི་སྒོ་ནས་གནད་དོན་ལ་འཆར་འགོད་བྱེད་དགོས། དམན་ས་བཟུང་ནས་ལས་དོན་བསྒྲུབ་པར་འབད་པ་ལྷུར་ལེན་བྱས་ཏེ། གྲུབ་འབྲས་གཡུར་དུ་ཟ་བས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་ཟེར།

        ཝང་ཅན་ཅུན་ཆབ་ཆ་གྲོང་རྡལ་བདེ་སྐྱིད་ཐང་མི་རིགས་ལུས་རྩལ་ར་བ་དང་གུང་ཧོ་རྫོང་མདའ་འཕེན་ལུས་རྩལ་ཁང་དུ་ཐོན་ནས། ཡུལ་དངོས་ནས་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་སྟ་གོན་གནས་ཚུལ་ལ་ཞིབ་ལྟ་བྱས། ཁོས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་མི་རིགས་ལུས་རྩལ་འགྲན་ཚོགས་ཐེངས་དྲུག་པ་བསྡུ་རྒྱུ་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་གལ་ཆེན་ཞིག་ཡིན་ལ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་རེ་ལྟོས་བཅའ་ཡུལ་ཡང་ཡིན་པར་མ་ཟད། འགན་སྒྲུབ་ས་གནས་དང་འབྲེལ་ཡོད་སྡེ་ཁག་གི་འགན་འཁྲི་ལྕི་མོ་ཞིག་ཡིན་པས། བདེ་འཇགས་བརྟན་སྲུང་བྱེད་རྒྱུ་ཐོག་མའི་དམིགས་བྱར་བརྩིས་ཏེ། སེམས་ཞིབ་མོས་སྟ་གོན་ལ་རྩ་འཛུགས་བྱེད་དགོས་པ་དང་། ཞབས་ཞུའི་འགན་སྲུང་ནུས་པ་མཐའ་འཁྱོལ་བར་བྱེད་པ། དྲིལ་སྒྲོག་མཐུན་སྦྱོར་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ། ཐེངས་འདིའི་མི་རིགས་ལུས་རྩལ་འགྲན་ཚོགས་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་ཆུན་པོ་ཞིག་ཏུ་འགྱུར་བར་བྱེད་དགོས་ཟེར།

        དེའི་རྗེས་ནས་ཝང་ཅན་ཅུན་མཚོ་ལྷོ་ཁུལ་གྱི་སྨན་རྫས་བཟོ་སའི་ཁེ་ལས་སུ་སོང་ནས། མཚོ་ལྷོ་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་དང་། ཁྱད་ལྡན་མཁར་གྲོང་འཆར་འགོད་འཛུགས་སྐྲུན། ཡུལ་སྐོར་གསར་སྤེལ་གནས་ཚུལ་སྙན་ཞུ་བཅས་ལ་ཉན། ཁོས་བསྟན་དོན། ད་ལོར། མཚོ་ལྷོ་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ལག་ལེན་མཐར་ཕྱིན་བྱས་པ་དང་། ཁྱོན་ཡོངས་ནས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ལག་ལེན་མཐའ་འཁྱོལ་བྱས་ལ ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ལྟར། སྒྱུར་བ་བཞི་ཡར་ལྡན་དུ་སྤེལ་བར་ཤེས་རབ་དང་སེམས་ཤུགས་གང་ཡོད་རྩལ་དུ་བཏོན་ཟེར། ཁོས་ནན་གྱིས་བསྟན་དོན། དཔལ་འབྱོར་འཕེལ་རྒྱས་དང་ཁྱད་པར་དུ་དཔལ་འབྱོར་སྒྲིག་གཞི་སྙོམ་སྒྲིག་དང་ཐོན་ལས་ཚུལ་སྒྱུར་རིམ་སྤོར་གོ་རིམ་ཁྲོད་དུ། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་མགོ་ཁྲིད་འོག་ཏུ། སྒྲུབ་མི་ཐུབ་པ་མེད་པ་དང་གནད་དོན་ཐག་གཅོད་མི་ཐུབ་པ་མེད་པ། སེལ་མི་ཐུབ་པའི་དཀའ་ངལ་མེད་པ། འགྲན་རྩོད་བྱེད་ཁག་པོ་མེད་པར་ཡིད་ཆེས་ཆེན་པོ་བཅངས་ནས། ཉེན་ཚབས་ཀྱི་འདུ་ཤེས་ལྡན་ཞིང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆོས་ཉིད་ལྟར་ལས་དོན་བསྒྲུབ་ནས། སྒུལ་ཤུགས་དང་གནོན་ཤུགས། མི་མངོན་པའི་རྐྱེན་བཅས་ཕྱིར་མངོན་ཅི་ཐུབ་བྱེད་དགོས་ཤིང་། གནས་བབ་མཐོ་ས་ནས་འགྲེང་སྟེ་ལས་དོན་ལ་བསམ་གཞིགས་གནད་ཐིངས་གཏོང་བ་དང་། བསམ་རྒྱ་ཆེན་པོ་བསྐྱེད་ནས་ལས་དོན་ལ་འཆར་འགོད་བྱེད་པ། དམན་ས་བཟུང་ནས་ལས་དོན་དངོས་གཉེར་བྱེད་དགོས་ཟེར།

        ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ཁྱད་ལྡན་མཁར་གྲོང་འཛུགས་སྐྲུན་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བར། འཕེལ་རྒྱས་ལྟ་བ་དང་འཕེལ་རྒྱས་དུས་རིམ་རང་བཞིན་གྱི་ལྟ་བ་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས་པ་དང་། སྐས་རྐང་མཐོ་ས་དང་ཚད་གཞི་མཐོ་ས། འཆར་འགོད་འཐུས་ཚང་བཅས་ཀྱི་དམིགས་ཚད་ནས་འགྲེང་སྟེ། ལོ་རྒྱུས་རྒྱུན་འཛིན་གང་ལེགས་བྱེད་དགོས་ཤིང་། ལམ་ཕྱོགས་ཡང་དག་པ་བསལ་འདེམས་བྱེད་པ། མ་འོངས་པར་འཆར་འགོད་ལེགས་པོ་བྱེད་པ་བཅས་བྱེད་དགོས་ཟེར།

        ཧན་ཅན་ཧྭ་དང་ཡང་ཧྥིན་ཁྲོན་གཉིས་ཀྱིས་རྟོག་ཞིབ་བྱེད་རོགས་བྱས།