ཀྲུང་གོ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་འགོ་གཙོ་གཞོན་པ་ཁྲིན་ཁའེ་མཚོ་སྔོན་དུ་ཡོང་ནས་མཚོ་སྔོན་གྱི་དབང་བོ་སྐྱོན་ཅན་གྱི་དབུལ་ཐར་གནས་ཚུལ་ལ་རྟོག་ཞིབ་བྱས།

        ཟླ་བརྒྱད་པའི་ཚེས་བདུན་ཉིན་ནས་ཚེས་བཅུ་ཉིན་བར། ཀྲུང་གོ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་འགོ་གཙོ་གཞོན་པ་ཁྲིན་ཁའེ་མཚོ་སྔོན་དུ་ཡོང་ནས་མཚོ་སྔོན་གྱི་དབང་བོ་སྐྱོན་ཅན་གྱི་དབུལ་ཐར་གནས་ཚུལ་ལ་རྟོག་ཞིབ་བྱས། རྟོག་ཞིབ་ཚན་ཁག་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་བཅས་སུ་སོང་ནས་རྟོག་ཞིབ་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་དང་ཧྲིན་ཀྲང་གཞོན་པ་ཁོང་ཡུང་གཉིས་ཀྱིས་རྟོག་ཞིབ་ཚན་ཁག་ལ་ཐུག་འཕྲད་བྱས་པ་མ་ཟད་རྟོག་ཞིབ་ཚན་ཁག་བར་བསམ་འཆར་བརྗེ་རེས་བྱས།

        རྟོག་ཞིབ་སྐབས་སུ། ཁྲིན་ཁའེ་དབང་བོ་སྐྱོན་ཅན་རེ་རེའི་ཁྱིམ་ཚང་དུ་ཐོན་དུས་ཁོ་ཚོར་འཚོ་བའི་གནས་ཚུལ་དྲིས་པ་དང་ཀྲུའུ་ཞི་ཀྲང་ཧེ་ཏི་ཡིས་དབང་བོ་སྐྱོན་ཅན་མི་སྣ་དང་ཁྱིམ་མིར་བརྩེ་བའི་མཚམས་འདྲི་བྱས་པ་བརྒྱུད་སྒྲོག་བྱས་ལ། སེམས་ཞིབ་མོས་དབང་བོ་སྐྱོན་ཅན་ཁྱིམ་ཚང་གི་འཚོ་བ་དང་སྡོད་ཁང་གི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་དབུལ་ཕོངས་དབང་བོ་སྐྱོན་ཅན་གྱི་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་དང་ཁོ་ཚོ་དབུལ་ཐར་ཕྱུག་སྒྱུར་བྱེད་པའི་བྱེད་ཐབས་དང་ཕན་ནུས་ཐད་ནས་འདྲི་རྟོག་བྱས་པ་དང་། ཁོ་ཚོར་ཏང་དང་སྲིད་གཞུང་གི་མགོ་ཁྲིད་འོག ཧུར་ཐག་གིས་རང་སྟེང་གི་དཀའ་ཁག་སེལ་ཏེ་འབྱོར་འབྲིང་གི་ལམ་དུ་སྐྱོད་དགོས་པའི་སྐུལ་མ་བཏང་། རྟོག་ཞིབ་ཚན་ཁག་གིས་དབང་བོ་སྐྱོན་ཅན་གྱི་ལུས་གསོ་ལྟེ་གནས་དང་ཞང་དང་གྲོང་རྡལ་གྱི་རྒན་གསོ་ཁང་སོགས་ལ་རྟོག་ཞིབ་བྱས།

        རྟོག་ཞིབ་ཚན་ཁག་གིས་ཟི་ལིང་ནས་ཞིང་ཆེན་དམངས་སྲིད་ཐིན་དང་དབུལ་སྐྱོར་ཅུའུ། ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་བཅས་དང་མཉམ་དུ་བཞུགས་མོལ་བྱས། ཁྲིན་ཁའེ་ཡིས་ནན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་དབང་བོ་སྐྱོན་ཅན་གྱི་དབུལ་སྐྱོར་དབུལ་ཐར་བྱ་བར་ཚད་མཐོན་པོའི་མཐོང་ཆེན་བྱས་ཏེ་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ཚུན་ལ་གྲུབ་འབྲས་མངོན་གསལ་བླངས་ཡོད། རྗེས་ཕྱོགས་མུ་མཐུད་དུ་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་དང་ཧ་ཅང་དབུལ་ཕོངས་ཡིན་པའི་དབང་བོ་སྐྱོན་ཅན་གྱི་གནད་ཕིགས་དབུལ་སྐྱོར་དང་གནད་ཕིགས་དབུལ་ཐར་བྱ་བ་དམ་འཛིན་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་དང་ཧ་ཅང་དབུལ་ཕོངས་ཡིན་པའི་དབང་བོ་སྐྱོན་ཅན་གྱི་འགན་སྲུང་ཆུ་ཚད་མཐོར་འདེགས་དང་དམིགས་བསལ་དབང་བོ་སྐྱོན་ཅན་ལ་ཞབས་འདེགས་ཞུ་བའི་ཆུ་ཚད་མཐོར་འདེགས་གཏོང་དགོས་ཟེར།