ཨ་ཆེན་གངས་རྒྱབ་དེ་འཛམ་གླིང་གི་རང་བྱུང་ཤུལ་བཞག་ས་གནས་སུ་ཚུད་རྗེས་གོ་སྐབས་དང་འགྲན་རྩོད་ག་འདྲ་ཞིག་འཕྲད་ཡོང་གི་ཡོད་པ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-08-30 11:51:19      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

        ཟླ༨པའི་ཚེས༢༧ཉིན་ལ་རྒྱལ་ཡོངས་སྨྱན་བྱད་གཙང་གསུམ་ཆུ་མགོའི་རྒྱལ་ཁབ་སྤྱི་གླིང་དུ་བསྐྱོད་ཅེས་པའི་བཅར་འདྲི་ཚོགས་པ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་འབྲི་ཆུའི་མགོ་ཁུངས་དོ་དམ་ཨུ་ལྷན་ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་རུ་འབྱོར་ནས་ཨ་ཆེན་གངས་རྒྱབ་ཏུ་རྒྱུ་བའི་རི་སྐྱེས་སྲོག་ཆགས་ཀྱི་རིགས་ཁྱུ་དང་སྣོད་བཅུད་ཀྱི་གནས་སྟངས། འབྱུང་འགྱུར་གྱི་འཕེལ་ཕྱོགས་བཅས་ཐད་ནས་དོ་དམ་ཁྲུའུ་ནགས་ལས་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལའོ་ཡན་ཧའེ་ལ་བཅར་འདྲི་བྱས།

        ཨ་ཆེན་གངས་རྒྱབ་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ནུབ་བྱང་བརྒྱུད་དུ་ཆགས་ཤིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི4.5ཡོད་པ་དང་། རྒྱལ་ཡོངས་ཀྱི་མི་མེད་ཁུལ་དུ་གྲགས་པའི་རང་བྱུང་སྲུང་སྐྱོང་ཁུལ་ཆེ་ཤོས་རེད། ང་ཚོས་དེ་ལ་རི་བོ་ཁྲི་ཕྲག་གི་མེས་པོ་དང་། མཚོ་མོ་སྟོང་གི་གནས་རྟེན། སྲོག་ཆགས་ཀྱི་རྒྱལ་ཁམས། མིའི་རིགས་ཀྱི་དག་ཞིང་ཞེས་ཚིག་འབྲུ་བཞིས་སྤྱི་སྡོམ་བྱས་པ་ཡིན། སྔོན་ཆད་ཁེ་ཕན་གྱི་འདོད་རྔམ་ཆེན་པོའི་མཐུས་ཨ་ཆེན་གངས་ཀྱི་གཙོད་ལྐོག་རྔོན་གྱི་ཡོ་ལང་ཞིག་སྤྱང་ལྟོགས་ལུག་ལ་རྔམ་པ་བཞིན་དུ་བཤམས་ནས་གཙོད་ཀྱི་མགོ་གྲངས་དེ་ཁྲི་གཅིག་ཙམ་ལས་མེད་པའི་ཚུལ་ལ་བསྐྱལ། ད་ལྟ་གཙོད་ཀྱི་མགོ་གྲངས་སླར་སོས་ནས་ཁྲི་དྲུག་ལ་འཕར་ཡོད་པ་རེད། ལོ་ངོ་ཉི་ཤུའི་རིང་ལ་ཨ་ཆེན་གངས་རྒྱབ་ཀྱི་སྣོད་བཅུད་ཁོར་ཡུག་ཇེ་ལེགས་དང་རི་སྐྱེས་སྲོག་ཆགས་ཀྱི་རིགས་ཁྱུའི་ཁ་གྲངས་ཇེ་མང་རེད།

        ལྷོ་ཕྱོགས་གྲོང་ཁྱེར་ཚགས་པར་གྱི་གསར་འགོད་པ་ཁྲེན་ཝེ་པིན། ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་ཁུལ་འདི་བཙུགས་ནས་བཟུང་ད་བར་དུ་ལོ་ངོ༢༠འགོར་འདུག འདིའི་རིང་ལ་ཨ་ཆེན་གངས་རྒྱབ་འདིའི་རི་སྐྱེས་སྲོག་ཆགས་ཀྱི་རིགས་ཁྱུའི་གྲངས་འབོར་དང་སྣོད་བཅུད་ཁོར་ཡུག་ལ་འགྱུར་ལྡོག་མི་དམན་པ་ཞིག་བྱུང་འདུག དེ་ན་ད་སྔ་ཨ་ཆེན་གངས་རྒྱབ་ཏུ་ཡོད་པའི་རི་སྐྱེས་སྲོག་ཆགས་ཀྱི་རིགས་ཁྱུའི་གྲངས་འབོར་དེ་ཚད་ག་འདྲ་ཞིག་ལ་བསླེབ་ཡོད་པ་དང་། སྣོད་བཅུད་ཁོར་ཡུག་ལ་འགྱུར་ལྡོག་ག་འདྲ་ཞིག་བྱུང་ཡོད།

        ལོ་ཡན་ཧའེ། སྲུང་སྐྱོབ་ཁུལ་འདི་དང་པོར་འཛུགས་དུས་གཙོད་ཧ་ཅང་ཉུང་། མཚམས་རེར་རི་སྐོར་གྱི་ལམ་དུ་མཐོང་ཐུབ་སོང་ཚེ་ཚང་མ་དགའ་སྤྲོ་དཔག་མེད་སྐྱེས། ལོ་དུ་མའི་རིང་གི་སྲུང་སྐྱོང་འོག་ཏུ་ད་ལྟའི་གཞུང་ལམ་གྱི་རྒྱུད་དུ་གཙོད་དང་། འབྲོང་། རྐྱང་། རྒོ་བ་སོགས་སྲོག་ཆགས་མང་པོ་ཞིག་ལོ་རེར་མཐོང་ཐུབ་ཀྱི་ཡོད་པས་དེ་ནི་སྲུང་སྐྱོབ་ཀྱི་གྲུབ་འབྲས་མངོན་སྟངས་ཤིག་ཡིན།ཨ་ཆེན་གངས་རྒྱབ་ནི་ད་སྔ་རང་རྒྱལ་གྱི་ན་འདམ་རྒྱ་ཁྱོན་ཆེ་ཤོས་ཀྱི་སྲུང་སྐྱོབ་ཁུལ་ཉག་ཅིག་ཡིན་ཞིང་། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ༢༠༠ལས་ཆེ་བའི་མཚེའུ་བདུན་དང་། སྤྱི་ལེ་གྲུ་བཞི་མ་༢ལས་ཆེ་བའི་མཚེའུ་༡༠༧། སྤྱི་ལེ་གྲུ་བཞི་མ༡ ལས་ཆུང་བའི་མཚེའུ་༧༠༠༠ཡོད་པ་བཅས་མཚེའུ་ཁོ་ནའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་༣༨༢༥ཡོད་པས། མཚེའུ་སྟོང་གི་གནས་མཆོག་ཏུ་འབོད་ཅིང་། དེ་ལས་འབྲོང་གནས་མཚོ་ནི་གཙོད་ཕྲུག་མཚར་ལོངས་ཀྱི་བསྟི་གནས་གཙོ་བོ་ཡིན།

        ༡༩༩༦ལོར་ཨ་ཆེན་གངས་རྒྱབ་དེ་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་གྱུར་བ་དང་། ༡༩༩༧ལོར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་གྱུར། དེ་ལས་ཨ་ཆེན་གངས་རྒྱབ་ནི་གཙོ་བོ་གཙོད་སྲུང་སྐྱོབ་ཀྱི་ཆེད་དུ་བཙུགས་པའི་རང་བྱུང་སྲུང་སྐྱོབ་ཁུལ་ཡིན་པ་རེད། དེར་གཙོད་གཙོས་པའི་རི་དྭགས་རིགས་ཁྱུ༡༠༠ལྷག་ཡོད་ཅིང་། དེའི་ནང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་བྱ་ཡུལ་དུ་གྱུར་བའི་རི་དྭགས་དང་གཅན་གཟན་རིགས་ལྔ་སྟེ། གཙོད་དང་། འབྲོང་། རྐྱང་། གསའ། ཤྭ་བ་མཆུ་དཀར་བཅས་ཡོད་པ་དང་། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་བྱ་ཡུལ་དུ་གྱུར་བའི་རི་དྭགས་དང་གཅན་གཟན་རིགས་ལྔ་སྟེ། དྲེད་མོང་དང་། གཡུ། དགོ་བ། གཉན། གནའ་བ་བཅས་དང་། འདབ་ཆགས་ཀྱི་རིགས་༦༠བཅས་མཆིས། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་བྱ་ཡུལ་དུ་གྱུར་བའི་འདབ་ཆགས་རིགས་གཉིས་ཏེ། གླག་སྐེ་སེར་དང་ཁྲུང་ཁྲུང་སྐེ་ནག་གཉིས་ཡོད། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་བྱ་ཡུལ་དུ་གྱུར་བའི་བྱ་རིགས་གསུམ་བཅས་ཡོད་པ་རེད།

        གཙོད་ཀྱི་རིགས་ཁྱུའི་གྲངས་འབོར་དེ་དུས་རབས་སྔོན་མའི་ལོ་རབས༩༠བའི་ཁྲི༡ལྷག་ནས་ད་ལྟའི་ཁྲི༦ལྷག་ལ་སླེབས་ཡོད་པས་ཨ་ཆེན་གངས་རྒྱབ་ནི་རི་དྭགས་དང་གཅན་གཟན་གྱི་རྒྱལ་ཁམས་ཤིག་ཡིན་ཞེ་ན་མིང་དོན་དང་མཚུངས་པ་ཞིག་རེད། གཞན་ཨ་ཆེན་གངས་རྒྱབ་ཏུ་གདོད་མའི་སྣོད་བཅུད་ཀྱི་མ་ལག་མ་ཉམས་པར་ཡོད་ཅིང་། ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་ལ། འབྲི་ཆུའི་བྱང་ཁུངས་ཆུ་དམར་མགོ་ཁུངས་ཡོད། དེ་མ་ཟད་འཁྱགས་རོམ་ཁག་༢༢༥སྟེ་རིང་ཚད་ལ་ལེ་དབར་༥༠ཙམ་ཡོད་ཅིང་། ཆེས་ཆུང་བ་ཡང་ལེ་དབར་བདུན་ཙམ་ཡོད།སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་750.7ཡོད་ལ་འཁྱགས་རོམ་གྱི་རྫོང་ཆེས་མཐུག་ས་དེར་སྨི་གྲུ་བཞི་ལྷམ་མ༨༦༤ཡོད་པས་ཀྲུང་ཧྭའི་ཆུ་མཛོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། འདིར་ས་མཐོའི་སྐྱེ་དངོས་ཀྱི་རིགས་ཤིན་ཏུ་མང་བ་སྟེ་སྐྱེ་དངོས་སྣ༢༡༠ཡོད་པ་དང་། དེའི་ནང་མཚོ་བོད་མཐོ་སྒང་ཁོ་ནར་ཡོད་པའི་སྐྱེ་དངོས་སྣ༨༤ཡོད་པས་རི་དྭགས་དང་གཅན་གཟན་གྱི་དག་ཞིག་ཡིན་པ་མ་ཟད། རྩ་ཆེའི་སྐྱེ་དངོས་ཀྱི་དགའ་ཚལ་ཞིག་ཀྱང་ཡིན། ལྷག་པར་དུ་སྐྱེ་དངོས་སྣ་མང་རང་བཞིན་དང་རང་བྱུང་མཛེས་ལྗོངས་ཀྱིས་དེ་ལ་རིན་ཐང་ཆེན་པོ་གཟེངས་སུ་མངོན་ཀྱི་ཡོད་སྟབས་འཛམ་གླིང་གི་སྣེ་གསུམ་པ་དང་མཚོ་བོད་མཐོ་སྒང་གི་རྩ་ཆེའི་སྲོག་ཆགས་དང་སྐྱེ་དངོས་ཀྱི་གཞི་རྒྱུའི་མཛོད་དུ་གྲགས་ཡོད་ཟེར།

        ཉེ་བའི་ལོ་བཅུའི་ནང་ཨ་ཆེན་གངས་རྒྱབ་ཏུ་རི་དྭགས་ལྐོག་རྔོན་གྱི་གནས་ཚུལ་གཅིག་ཀྱང་མ་བྱུང་།

        ཉེ་བའི་ལོ་བཅུའི་ཚུན་ལ་ཨ་ཆེན་གངས་རྒྱབ་ཀྱི་ཁོངས་སུ་རི་དྭགས་ལྐོག་རྔོན་གྱི་གྱོད་དོན་གཅིག་ཀྱང་བྱུང་མྱོང་མེད་པས། དེ་ནི་ཨ་ཆེན་གངས་རྒྱབ་པ་རྣམས་ཀྱིས་འབད་འཐབ་ལྷོད་མེད་ལས་བྱུང་བའི་གྲུབ་འབྲས་ཡིན་པ་དང་ཆབས་ཅིག་ཏུ་ཨ་ཆེན་གངས་རྒྱབ་འབྱུང་འགྱུར་གྱི་སྲུང་སྐྱོབ་ལ་བླང་བྱ་གསར་བ་ཞིག་བཏོན་འདུག

        ཀྲེ་ཅང་ཉིན་རེའི་ཚགས་པར་གྱི་གསར་འགོད་པ་ལིག་ཙི་ཡུས། རི་དྭགས་ལྐོག་རྔོན་གྱི་གྱོད་དོན་གཏན་འགོག་བྱས་པ་དང་མཉམ་དུ་ཨ་ཆེན་གངས་རྒྱབ་ཀྱི་སྲུང་སྐྱོབ་ལ་གནས་སྟངས་ག་འདྲ་ཞིག་ཆགས་ཀྱི་ཡོད།

        ལའོ་ཡན་ཧའེ། ཉེ་བའི་ལོ༡༠ཡི་ཚུན་ལ་ཨ་ཆེན་གངས་རྒྱབ་ཏུ་ལྐོག་རྔོན་གྱི་གྱོད་དོན་གཅིག་ཀྱང་བྱུང་མེད་པས། དེ་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་འབེན་དང་ལས་ཀའི་འོས་འགན་ཡིན། འབྱུང་འགྱུར་ང་ཚོས་ལྐོག་རྔོན་དང་ལྐོག་བསྡུ་ལ་ངོ་རྒོལ་བྱེད་པ་དེ་འབྱུང་འགྱུར་གྱི་ལས་ཀའི་དམིགས་འབེན་དང་སྙིང་བོ་རུ་མུ་མཐུད་ནས་བརྩིས་ཏེ། ལས་དེ་ལེགས་པོར་བསྒྲུབ་པའི་ཞོར་ལ་སྲུང་སྐྱོབ་ཁུལ་བཅོས་སྒྱུར་ཐད་འོས་འཚམ་གྱིས་རྨང་གཞི་རང་བཞིན་གྱི་ཚན་ཞིབ་ལས་ཀ་ལེགས་པོ་རེ་སྤེལ་རྒྱུ་ཡིན།དཔེར་ན་ང་ཚོ་དང་ནུབ་བྱང་སྐྱེ་དངོས་ཞིབ་འཇུག་ཁང་བར་ལ་གཙོད་ཀྱི་རིགས་ཁྱུའི་གྲངས་འབོར་ལ་རྟོག་ཞིབ་བྱེད་པ་དང་། ཡང་ན་པེ་ཅིང་ནགས་ལས་སློབ་ཆེན་བར་མཉམ་ལས་ཀྱིས་ཨ་ཆེན་གངས་རྒྱབ་ཀྱི་ན་འདམ་དང་མཚེའུ་ལ་ལྟ་སྐུལ་ཚད་འཇལ་ལ་སོགས་པའི་ལས་ཀ་སྤེལ་གྱི་ཡོད་པ་ལྟ་བུ་སོགས་ཚང་མ་ཨ་ཆེན་གངས་རྒྱབ་ཀྱི་འབྱུང་འགྱུར་ལ་སྤེལ་དགོས་ཀྱི་སྲུང་སྐྱོབ་ལས་ཀ་ཡིན།

        གཙང་གསུམ་ཆུ་མགོ་དེ་ཉིད་རྒྱལ་ཁབ་སྤྱི་གླིང་དུ་གྱུར་བ་དང་། ཨ་ཆེན་གངས་རྒྱབ་དེ་ཉིད་འཛམ་གླིང་གི་རང་བྱུང་ཤུལ་བཞག་ས་གནས་སུ་གྱུར་བ་དང་བསྟུན་ནས། ང་ཚོས་རྗེས་ཕྱོགས་སུ་ད་དུང་ལས་ཀ་སྣ་གཉིས་ཟུང་དུ་སྦྲེལ་ནས་རྨང་གཞི་ནུས་པ་དར་སྤེལ་དང་དོ་དམ་ནུས་པ་མཐོར་འདེགས་ཀྱི་ལས་ཁག་ཅིག་བསྒྲུབ་དགོས་པ་མ་ཟད། དྲིལ་སྒྲོག་ལས་ཀ་ལེགས་པོ་བསྒྲུབ་ཏེ་མུ་མཐུད་ནས་སྨྱན་བྱད་ལས་ཁུངས་གདན་དྲངས་ནས་ཨ་ཆེན་གངས་རྒྱབ་དྲིལ་སྒྲོག་བྱེད་དུ་འཇུག་ངེས་ཡིན། འདི་ལྟར་བྱེད་དགོས་དོན་ནི་ཨ་ཆེན་གངས་རྒྱབ་ལ་གྲུབ་འབྲས་འདི་འདྲ་ཐོབ་པ་ནི་ང་ཚོ་རང་སྟེང་གི་འབད་འབུངས་ལས་གཞན་ད་དུང་སྨྱན་བྱད་ཚན་པས་དྲིལ་སྒྲོག་གི་ནུས་པ་གལ་ཆེན་ལ་རག་ལས་ཡོད། སྨྱན་བྱད་ཀྱི་དྲིལ་སྒྲོག་ལ་བརྟེན་ནས་ཚང་མའི་ཁོར་སྲུང་གི་འདུ་ཤེས་ཇེ་ཆེར་སོང་བ་ཡིན་ཕྱིར་ཨ་ཆེན་གངས་རྒྱབ་ཀྱི་སྲུང་སྐྱོབ་ལ་ནུས་པ་གལ་ཆེན་ཐོན་ཡོད། ད་ཆ་གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་བཙུགས་པ་ནས་ཨ་ཆེན་གངས་རྒྱབ་འཛམ་གླིང་རང་བྱུང་ཤུལ་བཞག་ས་གནས་སུ་གྱུར་བའི་བབ་དང་བསྟུན་ནས་ང་ཚོའི་ཕྲག་འགན་ཏུ་བབ་པའི་ལས་འགན་དང་འགན་འཁྲི་སྔར་བས་ལྕི་ཞིང་། དམིགས་འབེན་དང་རེ་བ་དེ་བས་མཐོ། ཡིན་ཡང་ང་ཚོས་སྔར་བཞིན་དུ་འབད་པ་ལྷོད་མེད་ཀྱིས་རང་ཉིད་ཀྱི་སྲོག་ལ་གཅེས་པ་བཞིན་དུ་ཨ་ཆེན་གངས་རྒྱབ་ལ་སྲུང་སྐྱོང་ལེགས་པོ་བྱེད་ངེས་ཡིན་ཟེར།

        ཨ་ཆེན་གངས་རྒྱབ་སྲུང་སྐྱོབ་ཁུལ་དེ་གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་གི་མངའ་ཁོངས་སུ་བླངས་ནས་ལེའུ་གསར་བ་ཞིག་གི་འགོ་རྩོམ་པ།

        ༢༠༡༦ལོའི་ཟླ༤བར། གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་དབུ་བརྙེས་པ་ནི་གཙང་གསུམ་མགོ་ཁུངས་རང་བྱུང་སྲུང་སྐྱོབ་ཁུལ་དེ་དུས་རབས་གསར་བ་ཞིག་ཏུ་འདོང་བའི་མཚོན་རྟགས་སུ་ངེས།

        ཧྲན་ཞི་དགོང་དྲོའི་ཚགས་པར་གྱི་གསར་འགོད་པ་ཧྥང་ཧྭ། ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དེ་གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་གི་མངའ་ཁུངས་སུ་བླངས་རྗེས་ཨ་ཆེན་གངས་རྒྱབ་ཀྱིས་ལེའུ་གསར་བའི་དབུ་བྱང་ག་འདྲ་ཞིག་བརྩམས་ཡོད།

        ལའོ་ཡན་ཧའེ། གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་དབུ་བརྙེས་རྗེས་འབྲི་ཆུའི་མགོ་ཁུངས་ཁུལ་དང་། རྨ་ཆུའི་མགོ་ཁུངས་ཁུལ། རྫ་ཆུ་མགོ་ཁུངས་ཁུལ་བཅས་ཡོད་ཅིང་། ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དང་འབྲི་སྟོད་རྫོང་གི་ཟོ་རྐྱ་དང་། ཆུ་དམར་ལེབ་རྫོང་གི་ཆུ་དམར་བཅས་མཉམ་པོར་གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་གི་ཁྱབ་ཁོངས་སུ་བཞག་ཡོད། ང་ཚོས་སྤྱི་གླིང་ཧྲིལ་བོར་ཚོད་ལྟ་དང་། ལམ་ལུགས་བཅོས་སྒྱུར་ལ་སོགས་ཀྱི་ལས་ཚང་མ་གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་ལམ་ལུགས་ཚོད་ལྟའི་ཇུས་གཞི་ནང་ལྟར་ལག་བསྟར་བྱས་པ་ཡིན། ཨ་ཆེན་གངས་རྒྱབ་ཧྲིལ་བོ་རྒྱལ་ཁབ་སྤྱི་གླིང་འདིའི་མངའ་ཁོངས་སུ་བླངས་རྗེས། ང་ཚོའི་ལས་ཀར་བླང་བྱ་དེ་བས་མཐོན་པོ་ཞིག་བཏོན་པའི་ཚོར་བ་དྲག་པོ་བྱུང་། ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དེ་གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་གི་གྲུབ་ཆ་གལ་ཆེན་ཡིན་པས་ཆ་ནས་ལོ་ངོ་༢༠རིང་གི་སྲུང་སྐྱོབ་ཀྱི་རྨང་གཞི་བརྟན་ལ་མ་ལག་ཆ་ཚང་བ་ཞིག་ཆགས་ཡོད་མོད། རྒྱལ་ཁབ་སྤྱི་གླིང་གི་མངའ་ཁོངས་སུ་བླངས་རྗེས་ལམ་ལུགས་ཚོད་ལྟའི་བླང་བྱ་ལྟར་ང་ཚོས་ལས་ཀར་རེ་བ་མཐོན་པོ་བཏོན་ཡོད། ལྷག་པར་དུ་གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་བཙུགས་པ་དང་། ཨ་ཆེན་གངས་རྒྱབ་འཛམ་གླིང་གི་རང་བྱུང་ཤུལ་བཞག་རྒྱུ་ནོར་ནང་བདེ་བླག་ངང་ཚུད་པའི་དབང་གིས་ཨ་ཆེན་གངས་རྒྱབ་ཀྱི་སྙན་གྲགས་ཀྱང་ཆེན་པོ་གྱུར་ནས་ང་ཚོས་བླང་བྱ་ལྟར་ལས་ཀ་མང་པོ་ཞིག་བསྒྲུབ་དགོས་ཀྱི་འོས་འགན་གཙིགས་ཆེ་ལ་ལྕི་བའི་ཚོར་ཤུགས་དྲག་པོ་དབང་མེད་དུ་བསྐྱེད་ཡོང་ཟེར།

        གྲ་སྒྲིག་ཚགས་སུ་ཚུད་པ་བྱས་པས་འཛམ་གླིང་གི་རང་བྱུང་ཤུལ་བཞག་ས་གནས་གྲས་སུ་ཚུད་པ་ཡིན།

         ༢༠༡༧ལོའི་ཟླ༧པའི་ཚེས༧ཉིན་ལ་ཕོ་ལན་རྒྱལ་ཁབ་ཀྱི་ཁེ་ལ་ཁེ་ཧྥུ་ནས་འཛམ་གླིང་གི་ཤུལ་བཞག་རྒྱུ་ནོར་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་ཆེན་སྐབས༤༡འཚོགས་ཤིང་། ཚོགས་ཐོག་ཏུ།  མཚོ་སྔོན་གྱི་ཨ་ཆེན་གངས་རྒྱབ་དེ་ཉིད་འཛམ་གླིང་ཤུལ་བཞག་རྒྱུ་ནོར་ལ་འཇུག་པའི་སྙན་ཞུ་ལ་གྲོས་འཆམ་བྱུང་ནས་མཚོ་བོད་མཐོ་སྒང་གི་འཛམ་གླིང་རང་བྱུང་ཤུལ་བཞག་ས་གནས་ཐོག་མར་གྱུར། འཛམ་གླིང་རང་བྱུང་སྲུང་སྐྱོབ་མནའ་འབྲེལ་ཀྱིས་དཔྱད་ཞིབ་སྙན་ཞུའི་ནང་འདི་ལྟར་བརྗོད་ཡོད། ཨ་ཆེན་གངས་རྒྱབ་ནི་མུ་མཐའ་མི་ངོམ་ཞིང་། ཕལ་ཆེར་དེང་གི་མིའི་རིགས་ཀྱིས་འགུལ་སྐྱོད་ཕོག་ཐུག་བཏང་མི་འདུག་པའི་གནས་ཁྱད་པར་ཅན་ཞིག་རེད། གནས་འདིར་གཙོད་ཁྱུ་གཙང་གསུམ་མགོ་ཁུངས་དང་ཨ་ཆེན་གངས་རྒྱབ་བར་དུ་ ཕྱི་དགྲའི་གནོད་པ་ལ་འཛེམ་དོགས་མི་དགོས་པར་བགས་ལྷོད་ཀྱིས་རྒྱུ་ཆོག་པའི་ལམ་ཐིག་ཡོད་པ་རེད།

        ཀྲུང་གོའི་གཞོན་ནུ་ཚགས་པར་གྱི་གསར་འགོད་པ་དབྱང་ཧའེ། ཨ་ཆེན་གངས་རྒྱབ་ཉིད་འཛམ་གླིང་རང་བྱུང་ཤུལ་བཞག་གི་གྲས་སུ་བདེ་བླག་ངང་ཚུད་རྗེས་དེང་ཕྱིན་གནས་དེའི་སྲུང་སྐྱོབ་ལས་ཀར་གོ་སྐབས་དང་འགྲན་རྩོད་ག་འདྲ་ཞིག་འཕྲད་ཡོང་གི་ཡོད།

        ལའོ་ཡན་ཧུའེ། ༢༠༡༤ལོ་ནི་མཚོ་སྔོན་གྱིས་ཨ་ཆེན་གངས་རྒྱབ་དེ་ཉིད་འཛམ་གླིང་ཤུལ་བཞག་རྒྱུ་ནོར་ལ་དངོས་སུ་སྙན་སེང་ཞུ་བའི་ལས་ཀ་འགོ་རྩོམ་པའི་ལོ་ཡིན། སྙན་སེང་དཔྱད་ཞིབ་ཀྱི་སྐབས་སུ། ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུས་ཀྱིས་ང་ཚོར་སྤྲད་པའི་འོས་འགན་ནི་སྙན་སེང་དཔྱད་ཞིབ་ཀྱི་རྒྱབ་ཕྱོགས་མཁོ་འདོན་འགན་སྲུང་གི་ལས་ཀ་ཡིན། ལོ་ངོ་གསུམ་རིང་ལ་འབད་འབུངས་བྱས་མཐར་ད་ལོའི་ཟླ༧པའི་ཚེས༧ཉིན་ལ་འཛམ་གླིང་རང་བྱུང་ཤུལ་བཞག་རྒྱུ་ནོར་གྲས་སུ་བདེ་བླག་ངང་ཚུད། གཏམ་བཟང་དེ་གོ་མ་ཐག་ང་ཚོ་སྲུང་སྐྱོབ་ཁུལ་འདིའི་སྲུང་སྐྱོབ་པ་ཡིན་པའི་ངོས་ནས་དགའ་སྤྲོ་ཆེན་པོ་སྐྱེས་ནས་རེ་ཞིག་བྲེལ་བྲེལ་ཟིང་ཟིང་དུ་གྱུར།

        འཛམ་གླིང་ཤུལ་བཞག་རྒྱུ་ནོར་ནང་བདེ་བླག་ངང་ཚུད་པ་ནི་ཨ་ཆེན་གངས་རྒྱབ་ཉིད་འཛམ་གླིང་དུ་བསྐྱོད་པའི་རྟགས་མཚན་ཡིན་ཞིང་། དེ་དང་ཆབས་ཅིག་ཏུ་མཚོ་སྔོན་ལ་འཛམ་གླིང་གི་རང་བྱུང་ཤུལ་བཞག་གཅིག་ཀྱང་མེད་པའི་སྟོང་ཆ་དེ་བསྐངས་ཐུབ་སོང་བ་རེད། ཨ་ཆེན་གངས་རྒྱབ་དེ་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ནས་རྒྱལ་ཁབ་རིམ་པའི་་རང་བྱུང་སྲུང་སྐྱོང་ཁུལ། དེ་ནས་གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་། མཐར་འཛམ་གླིང་གི་རང་བྱུང་ཤུལ་བཞག་ཏུ་གྱུར་བའི་གོ་རིམ་རེ་རེ་ནི་ཨ་ཆེན་གངས་རྒྱབ་པ་རྒན་གྲས་རྣམས་ཀྱིས་ཟུང་ཁྲག་དང་། ཚེ་སྲོག ལང་ཚོ་བློས་བཏང་ནས་ཐོབ་པ་ཡིན་པས། ཤུལ་བཞག་ཏུ་འགྱུར་བའི་དམིགས་འབེན་དུ་སྲིད་ཀྱང་རྩ་བའི་རྩ་བ་ནི་སྲུང་སྐྱོབ་ཀྱི་ཕྱིར་ཡིན། ང་ཚོས་ཨ་ཆེན་གངས་རྒྱབ་འདི་འཛམ་གླིང་དུ་བསྐྱོད་པའི་གོ་བབ་དེ་ལ་བརྟེན་ནས་འཛམ་གླིང་ལ་སྣོད་བཅུད་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་ཨ་ཆེན་གངས་རྒྱབ་ཅིག་ངོམ་སྟོན་བྱས་ནས་མི་སྔར་ལས་མང་པོ་སྣོད་བཅུད་སྲུང་སྐྱོབ་ཀྱི་ལས་ལ་ཞུགས་པར་སྐུལ་མ་གཏང་ཅི་ཐུབ་བྱེད་པར་རེ་བ་འཆང་ཡོད།

        ལོ་ངོ༢༠རིང་ལ་ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོང་ཁུལ་གོང་དུ་སྤེལ་ཁྲོད་དུ་སྲུང་སྐྱོབ་ཀྱི་མ་ལག་ཅུང་ཆ་ཚང་བ་ཞིག་གྲུབ་ཡོད་ཅིང་དེ་རིང་གི་སྲུང་སྐྱོབ་ལ་ཡང་གྲུབ་འབྲས་བཟང་བོ་བླངས་ཡོད་མོད། འཛམ་གླིང་གི་ཤུལ་བཞག་རྒྱུ་ནོར་དུ་ཚུད་རྗེས་འཛམ་གླིང་གི་དོ་དམ་ལམ་ལུགས་དང་། དོ་དམ་བྱེད་སྟངས། དོ་དམ་གྱི་བླང་བྱ་ལ་བསྟུན་དགོས་སྟབས། འཛམ་གླིང་ཤུལ་བཞག་ལ་དོ་དམ་ཅི་ལྟར་བྱེད་པ་དང་ཅི་ལྟར་གོང་སྤེལ་བྱེད་པ་ལ་སོགས་ནས་རྒྱལ་སྤྱིའི་ཚད་གཞི་ལྟར་ལག་བསྟར་བྱེད་དགོས་ཀྱི་ཡོད། དེ་བཞིན་དུ་ང་ཚོར་བཏོན་པའི་བླང་བྱ་ཡང་དེ་སྔ་ལས་ཇེ་མཐོར་སོང་ཡོད། ཡིན་ཡང་གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་གི་ཁོངས་སུ་བླངས་བའམ་འཛམ་གླིང་ཤུལ་བཞག་ཏུ་གྱུར་བ་གང་ཞིག་ཡིན་རུང་མཐར་ཐུག་གི་དམིགས་ཡུལ་ནི་སྲུང་སྐྱོབ་ཆེན་པོ་བྱེད་དགོས་པ་དེ་ཡིན་པས་ཐོག་མའི་སེམས་འདུན་དང་དམིགས་ཡུལ་ནམ་ཡང་འདོར་མི་སྲིད་པ་ང་ལ་ཡིད་ཆེས་ཡོད།

        དེ་རིང་གི་ཨ་ཆེན་གངས་རྒྱབ་ནི་མཚོ་སྔོན་གྱི་ཨ་ཆེན་གངས་རྒྱབ་དང་ཀྲུང་གོའི་ཨ་ཆེན་གངས་རྒྱབ་ཡིན་པ་མ་ཟད། འཛམ་གླིང་གི་ཨ་ཆེན་གངས་རྒྱབ་ཀྱང་ཡིན། ང་ཚོ་ཨ་ཆེན་གངས་རྒྱབ་པ་རྣམས་ཀྱིས་སྔར་བཞིན་དུ་ཚེ་སྲོག་དང་ལང་ཚོ་བློས་བཏང་ནས་རང་ཉིད་ཀྱི་མི་ཟུང་ལྟར་ཨ་ཆེན་གངས་རྒྱབ་ཀྱི་སྣོད་བཅུད་ལ་གཅེས་སྐྱོང་ལེགས་པོ་དང་། རང་གི་ཚེ་སྲོག་ལྟར་ཨ་ཆེན་གངས་རྒྱབ་ཀྱི་སྣོད་བཅུད་ཁོར་ཡུག་ལ་བདག་སྐྱོང་། རྨ་ཆུའི་མགོ་ཁུངས་དང་ཀྲུང་གོའི་ཆུ་མཛོད་ལ་སྲུང་སྐྱོང་་ཡག་པོ་བཅས་བྱས་ནས་དྭངས་གཙང་ཆུ་མོ་ཤར་དུ་འབབ་པར་ཁག་ཐེག་བྱེད་ངེས་ཡིན་ཟེར།

        ལོ་ཙཱ་བ། ཁོན་ཐར་འཚོ།