དེ་རིང་ནས་བཟུང་ཁ་པར་གྱི་རྒྱལ་ནང་ཉུལ་གླ་མེད་པར་བཏང་བ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-09-01 17:21:01      རྩོམ་སྒྲིག་པ། : ཁོན་ཐར་འཚོ།
         ཀྲུང་གོའི་གསར་འགྱུར་དྲ་བས་ཟླ༩པའི་ཚེས་༡ཉིན་སྤེལ་བའི་འཕྲིན། ཁ་པར་གྱི་རྒྱལ་ནང་ཉུལ་གླ་དེ་དེ་རིང་ནས་བསྡུ་མཚམས་བཞག་ཡོད་པ།

        འཕྲིན་གཏོང་གཉེར་སྐྱོང་ཁེ་ལས་ཆེན་པོ་གསུམ་གྱིས་ཁ་པར་གྱི་རྒྱལ་ནང་ཉུལ་གླ་དེ་དེ་རིང་ནས་བསྡུ་མཚམས་བཞག་ནས་དེ་སྔའི་འཆར་གཞི་ལས་ཟླ་གཅིག་གི་སྔོན་ལ་ལག་བསྟར་བྱས་ཐུབ་ཡོད་པ་རེད།ཐེངས་འདིའི་ཁ་པར་གྱི་རྒྱལ་ནང་གི་ཉུལ་གླ་དང་ཐག་རིང་གཏོང་གླ་བསྡུ་མཚམས་བཞག་རྗེས། རྒྱལ་ནང་གི་མངའ་ཁུངས་སུ་ཁ་པར་གཏོང་བའི་གཏོང་གླ་དེ་ས་གནས་རང་དང་གྲོང་ཁྱེར་གྱི་གཏོང་གླ་ལྟར་བསྡུ་རྒྱུ་དང་། རྒྱལ་ནང་མངའ་ཁུངས་སུ་གཞན་གྱིས་ཚར་ལ་ཁ་པར་ཡོང་དུས་ཁ་པར་ལེན་གླ་མི་བསྡུ་རྒྱུ་བྱས་ཡོད་པ་རེད། འདིར་ཁ་པར་སྤྱོད་མཁན་གྱིས་སྙན་ཞུ་འདྲ་གང་ཡང་ཞུ་མི་དགོས་པར་རང་བཞིན་གྱིས་ནུས་པ་ཐོན་ཡོང་།

        དངུལ་བྱང་གིས་རྒྱལ་ཕྱི་ནས་འཛད་སྤྱོད་སྒོར་སྟོང་ལས་བརྒལ་དུས། དངུལ་བྱང་དེའི་དངུལ་ཁང་གིས་འབྲེལ་ཡོད་དངུལ་རྩ་ལས་ཁུངས་ལ་སྙན་སེང་ཞུ་དགོས།

        

        ཟླ༩པའི་ཚེས༡ཉིན་ནས་བཟུང་རྒྱལ་ནང་གི་དངུལ་བྱང་གིས་རྒྱལ་ཕྱིའི་ཚོང་ར་དང་དྲ་རྒྱ་ནས་འཛད་སྤྱོད་མི་དམངས་ཤོག་སྒོར༡༠༠༠ཡན་བརྒལ་ཚེ། རྒྱལ་ནང་གི་དངུལ་བྱང་དེའི་དངུལ་ཁང་གིས་རྒྱལ་ཕྱིའི་དངུལ་བརྗེ་ཅུས་ལ་ཡར་ཞུ་བྱེད་དགོས།

        སློབ་གྲྭ་ཆུང་འབྲིང་གིས་པར་གཞི་གསར་བའི་རྩོམ་སྒྲིག་སློབ་དེབ་བེད་སྤྱོད་བྱ་རྒྱུ།

        

        སློབ་གསོ་པུའུ་ཡིས་འོས་འགན་སློབ་གསོའི་བསམ་བློ་ཀུན་སྤྱོད་དང་སྲིད་ཁྲིམས། སྐད་ཡིག ལོ་རྒྱུས་བཅས་སློབ་དེབ་གསུམ་ལ་གཅིག་གྱུར་ཐོག་རྩོམ་སྒྲིག་བྱས་པ་དེ་ཟླ༩པའི་ཚེས༡ཉིན་གྱི་སྟོན་དུས་སློབ་འགོ་ཚུགས་པ་ནས་བཟུང་སྟེ་རྒྱལ་ཡོངས་ཀྱི་ས་ཁུལ་ཡོངས་ཀྱི་ལོ་རིམ་དང་པོ་ནས་བཀོལ་སྤྱོད་བྱེད་རྒྱུ།

         དམངས་གཉེར་སློབ་གྲྭས་གྲོན་དངུལ་བསྡུས་པའི་རྣམ་གྲངས་དང་ཚད་གཞི་ཕྱིར་གསལ་བསྒྲགས་བྱེད་དགོས།

        

        ཟླ༩པའི་ཚེས་༡ཉིན་ནས་བཟུང་བཟོ་བཅོས་བརྒྱབ་ཟིན་པའི་དམངས་གཉེར་སློབ་གསོ་སྐུལ་སྤེལ་བཅའ་ཁྲིམས་གསར་བ་དེ་དངོས་སུ་ལག་བསྟར་བྱས་ཡོད་ཅིང་། དེའི་ནང་དམངས་གཉེར་སློབ་གྲྭ་གཉེར་སྐྱོང་མཁན་གྱིས་ཁེ་གཉེར་རང་བཞིན་མ་ཡིན་པ་དང་ཡིན་པའི་དམངས་གཉེར་སློབ་གྲྭ་འཛུགས་པ་ལ་རང་བདག་ནས་བདམ་གསེས་བྱས་ཆོག་ན་ཡང་། འོས་འགན་སློབ་གསོ་ལག་བསྟར་བྱེད་པའི་ཁེ་གཉེར་རང་བཞིན་གྱི་དམངས་གཉེར་སློབ་གྲྭ་གཉེར་མི་རུང་བ་གཏན་འབེབས་བྱས་ཡོད་པ་ལས་གཞན་དམངས་གཉེར་སློབ་གྲྭས་གྲོན་དངུལ་བསྡུ་རུབ་ཀྱི་རྣམ་གྲངས་དང་ཚད་གཞི་དེ་སློབ་གཉེར་གྱི་མ་རྩ་དང་། ཁྲོམ་རའི་དགོས་མཁོ་ལ་སོགས་ཀྱི་གནས་ཚུལ་ལ་གཞིགས་ནས་གཏན་འཁེལ་བྱས་ནས་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་དགོས་པ་དང་། འབྲེལ་ཡོད་གཙོ་གཉེར་སྡེ་ཚན་གྱི་ལྟ་རྟོག་ལ་དང་ལེན་བྱེད་དགོས། དམངས་གཉེར་སློབ་གྲྭའི་གྲོན་བསྡུའི་མ་དངུལ་སྤྱིར་ཡིན་ན་སློབ་གསོ་དང་སློབ་ཁྲིད། སློབ་གཉེར་གྱི་ཆ་རྐྱེན་ལེགས་བསྒྱུར། དགེ་བཟོ་བའི་ཕོགས་དངུལ་འགན་སྲུང་བཅས་ཀྱི་ཐད་བཀོལ་རྒྱུ་གཙོ་བོ་ཡིན་ངེས།

        སློབ་ཆེན་པའི་ལས་རིགས་གསར་གཏོད་དེ་སློབ་དུས་ཀྱི་སྐར་གྲངས་ལ་རྩིས་ཆོག

        ཟླ༩བའི་ཚེས༡ཉིན་ནས་བཟུང་བཟོ་བཅོས་བརྒྱབ་པའི་མཐོ་རིམ་དཀྱུས་མའི་སློབ་གྲྭའི་སློབ་མ་དོ་དམ་སྐོར་གྱི་གཏན་འབེབས་གསར་བ་དངོས་སུ་ལག་བསྟར་བྱས། སློབ་མ་གསར་བས་སློབ་ཞུགས་འོས་ཐོབ་སོར་འཇོག་གི་ཐོབ་ཐང་བླངས་ནས་ལས་རིགས་གསར་གཏོད་བྱས་ཆོག་ལ། ཡང་ན་སློབ་གྲྭར་ཞུགས་རྗེས་སུ་སློབ་སྦྱོང་དགོངས་ཞུ་ཕུལ་ནས་ལས་རིགས་གསར་གྱི་ལས་ལ་ཞུགས་ཆོག སློབ་མ་ལས་གཏོད་གསར་གཏོད་ལ་ཞུགས་ན་དེ་སློབ་མའི་སློབ་དུས་ཀྱི་སྐར་གྲངས་ལ་བརྩི་རྒྱུ་མ་ཟད། སློབ་ཞུགས་ཀྱི་སྦྱངས་འབྲས་ནང་ལེན་རྒྱུ།

        ཕྱི་ཚོང་(外卖)གཏན་འབེབས་གསར་བ་ལག་བསྟར་བྱས།

        

        ཟླ༩བའི་ཚེས༡ཉིན་ནས་ཕྱི་ཚོང་(外卖)གི་ཚོང་སྐྱེལ་ཞབས་ཞུའི་ཚད་གཞི་དངོས་སུ་ལག་བསྟར་བྱས། ཚད་གཞིའི་ནང་ཕྱི་ཚོང་དངོས་སྐྱེལ་ལས་ཁུངས་ལ་ཁེ་ལས་ཀྱི་ཁྲིམས་ཚན་འོས་ཐོབ་ཡོད་དགོས་པ་མ་ཟད། གཏན་འཁེལ་གྱི་གཞུང་སྒྲུབ་ཁང་དང་གཞི་ཁྱོན་ཅུང་ཡོད་པའི་དངོས་སྐྱེལ་དཔུང་ཁག་དགོས། ཞབས་ཞུ་མི་སྣའི་ཕྱོགས་ནས་དངོས་སྐྱེལ་ཞབས་ཞུ་བ་ངེས་པར་དུ་ལོ༡༨ལ་སོན་དགོས་པ་དང་།ཐོབ་ཐང་ལ་རྩད་བཤེར་ཡག་པོ་བྱེད་དགོས། ཉོ་བདག་གི་སྒོ་ལམ་སྐྱེལ་ཐོན་དུས་སྒོ་ཡངས་མོར་རྡུང་དགོས་པ་དང་། གལ་ཏེ་ཨ་ལན་མེད་ཚེ་ཁ་པར་དང་ཡང་ན་འཕྲིན་ཐུང་བཏང་ནས་ཉོ་བདག་ལ་འབྲེལ་བ་ཡག་པོ་བྱེད་དགོས་པ་ལས་ཉོ་བདག་གི་ཁྱིམ་དུ་འཛུལ་བའམ། གྲོན་དངུལ་ཙག་ཙིག་ལེན་པ་ལ་སོགས་ཚུལ་མིན་གྱི་བྱེད་སྤྱོད་གང་ཡང་ཡོད་མི་རུང་།

        འཛུགས་སྐྲུན་རྣམ་གྲངས་ཀྱིས་ཁོར་ཡུག་ལ་ཤུགས་རྐྱེན་བཟོ་བའི་དཔྱད་འཇོག་ཁག་བགོས་དོ་དམ་མིང་ཐོ་ཞེས་པ་ལག་བསྟར་བྱས།

         ཟླ༩བའི་ཚེས༡ཉིན་ནས་བཟུང་། འཛུགས་སྐྲུན་རྣམ་གྲངས་ཀྱིས་ཁོར་ཡུག་ལ་ཤུགས་རྐྱེན་བཟོ་བའི་དཔྱད་འཇོག་ཁག་བགོས་དོ་དམ་མིང་ཐོ་ཞེས་པ་ལག་བསྟར་བྱས། མིང་ཐོ་དེས་ཁོར་ཡུག་ལ་གནོད་པའི་སྙན་ཞུ་ཡི་གེ་དང་སྙན་ཞུ་རེའུ་མིག་བཟོས་ནས་འཛུགས་སྐྲུན་རྣམ་གྲངས་ལ་དོ་དམ་ཚོད་འཛིན་བྱས་ཏེ། འབག་བཙོག་འགོག་སྲུང་གི་ནུས་པ་ཇེ་དྲག་ཏུ་བཏང་ནས་ཁོར་སྲུང་ལས་ཀར་སྐུལ་སྤེལ་བྱ་རྒྱུ་རེད།

        སྲིད་གཞུང་གི་ཉོ་སྒྲུབ་སྐོར་གྱི་ཐོ་འགོད་ཞིབ་ཕྲ་ཕྱིར་གསལ་བསྒྲགས་བྱེད་དགོས།

        

         ནོར་སྲིད་པུའུ་ཡིས་སྲིད་གཞུང་གི་ཉོ་སྒྲུབ་ཆ་འཕྲིན་ཡོངས་བསྒྲགས་བྱ་བ་ལེགས་པོ་བསྒྲུབ་དགོས་པའི་སྐོར་གྱི་འབྲེལ་ཡོད་བརྡ་ཐོའི་བླང་བྱ་ལྟར། ཟླ༩བའི་ཚེས༡ཉིན་ནས་བཟུང་། སྲིད་གཞུང་ལས་ཁུངས་ཀྱིས་ཀྲུང་གོའི་སྲིད་གཞུང་ཉོ་སྒྲུབ་དྲ་བ་དང་ས་གནས་ཀྱི་ཡན་ལག་དྲ་རྒྱ་ཁག་ནས་གཏན་འབེབས་ལྟར་ཉོ་སྒྲུབ་བྱས་པའི་འབྲེལ་ཡོད་ཆ་འཕྲིན་ལས་གཞན། བྱེ་བྲག་གི་ཉོ་སྒྲུབ་ཟིན་ཐོ་ཕྱིར་གསལ་བོར་བསྒྲགས་དགོས་པ་རེད།

        རྒྱལ་ཡོངས་དགེ་སྒྲུབ་ཆ་འཕྲིན་ཡོངས་བསྒྲགས་སྟེགས་བུས་དངོས་སུ་ཆ་འཕྲིན་ཡོངས་བསྒྲགས་བྱས།

        ཟླ༩བའི་ཚེས༡ཉིན་ལ་དམངས་སྲིད་པུའུ་ཡིས་སྒྲིག་འཛུགས་གསར་སྤེལ་བྱས་པའི་རྒྱལ་ཡོངས་དགེ་སྒྲུབ་ཆ་འཕྲིན་ཡོངས་བསྒྲགས་སྟེགས་བུ(འདོན་ཐེངས་དང་པོ)ཡིས་ཆ་འཕྲིན་ཡོངས་བསྒྲགས་བྱས། འབྲེལ་ཡོད་བརྡ་ཐོ་ལྟར། དགེ་སྒྲུབ་ཚོགས་པས་དུས་ལྟར་དུ་ལོ་འཁོར་གྱི་ལས་ཀའི་སྙན་ཞུ་དང་ནོར་སྲིད་ཀྱི་རྩིས་པའི་སྙན་ཞུ་ཡོངས་བསྒྲགས་དང་དགེ་སྒྲུབ་རྣམ་གྲངས་ལག་བསྟར་བྱས་པའི་གནས་ཚུལ་ཡོངས་བསྒྲགས་བྱེད་དགོས་པ་མ་ཟད། ཞལ་འདེབས་བསྡུ་རུབ་སྒྲིག་འཛུགས་བྱེད་མཁན་ལ་ངེས་པར་མ་དངུལ་བསྡུ་རུབ་ཀྱི་འོས་ཐོབ་ཡོད་དགོས་ལ། ཞལ་འདེབས་ཐོ་འགོད་ཀྱི་གོ་རིམ་ལ་བརྩི་སྲུང་ནན་མོ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

        ལོ་ཙཱ་བ། ཁོན་ཐར་འཚོ།