ཀྲུང་དབྱང་ཁོར་སྲུང་ལྟ་བཤེར་ནས་གཏམ་བཟང་ཡང་ཡང་བསྒྲགས་ཡོང་བ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-09-04 12:45:45      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

        གསར་འགོད་པས་འཁོར་རིགས་ཞིག་གསོ་ཁང་གི་ཚོན་རྩི་སྐམ་ས་ཤུལ་མེད་པར་བཟོས་ནས་བགྲོད་ལམ་ཡག་པོ་བཏང་ཡོད་མཐོང་ཚུལ།


      འཛིར་སྒྲ་མེད་པར་བཟོས་པའི་སྒྲིག་ཆས།

        འཕྲལ་སྒྲུབ་འཕྲལ་བཅོས་ལས་བཅོས་དེ་མང་ཚོགས་ཀྱི་སེམས་ལ་ཟུག་པ།

        ཧའེ་ཧུའུ་ཐང་ཆེན་གྱི་མཁར་བྱང་མའི་ཁུལ་༧པའི་ས་འོག་བགྲོད་ལམ་གྱི་འཁོར་རིགས་ཚོན་རྩི་བྱུག་ས་དེ་མེད་པར་བཏང་ནས་གནད་དོན་ཐག་གཅོད་ཡག་པོ་བྱས་སོང་ཞེས་ཉེ་འཁོར་གྱི་མང་ཚོགས་རྣམས་ཀྱིས་ཁོར་སྲུང་ལྟ་བཤེར་དང་སྲིད་གཞུང་སྡེ་ཚན་གྱིས་འཕྲལ་སྒྲུབ་འཕྲལ་བཅོས་བྱས་པ་ཏན་ཏན་ཏིག་ཏིག་རེད་ལ་མིག་ཐོག་ལག་བཞག་རེད་ཅེས་བསྔགས་བརྗོད་བྱས་ཡོང་། བཅར་འདྲིའི་ཁྲོད་ཉེ་འཁོར་སྡོད་དམངས་བུད་མེད་ཀྲེང་གིས་བཤད་རྒྱུར། བསམ་ཡིད་ལས་འདས་པ་ཞིག་ལ་ང་ཚོ་མང་ཚོགས་ཀྱི་གམ་དུ་བྱུང་བའི་དོན་དག་ཙག་ཙིག་ལའང་ཁོར་སྲུང་ལྟ་བཤེར་གྱིས་དང་དོད་ཆེན་པོ་འདི་འདྲ་བྱས་ནས་ཐག་གཅོད་ཡག་པོ་བྱས་སོང་བ་འདིས་ང་ཚོར་བདེ་སྐྱིད་ཀྱི་ཚོར་བ་བཅོས་མིན་ཅིག་སྦྱིན་ཡོང་ཟེར།

        ཟླ༨པའི་ཟླ་མགོར། མང་ཚོགས་ཀྱིས་ཧའེ་ཧུའུ་སྡོད་ཁུལ་གསར་བའི་ཧའེ་ཧུའུ་ཐང་ཆེན་གྱི་མཁར་བྱང་མའི་ཁུལ་བདུན་པའི་ས་འོག་བགྲོད་ལམ་དུ་འཁོར་རིགས་ཞིག་གསོ་ཁང་ཞིག་ཡོད་པ་དེ་གས་ཚོན་རྩི་བྱུག་པའི་གོ་རིམ་ཁྲོད་དྲི་ངན་ཚ་བོ་མཆེད་འོང་ལ་དུག་གི་གནོད་པ་ཡང་ཅུང་ཆེན་པོ་བཟོ་བ་སོགས་ཉེ་འཁོར་སྡོད་དམངས་ཀྱི་འགྲོ་འོང་ལ་གེགས་བྱས་ཡོད་ཚུལ་ ཀྲུང་དབྱང་ཁོར་སྲུང་ལྟ་བཤེར་ཚན་ཆུང་ལ་གཏུག་ཞུ་བྱས་འདུག ལྟ་བཤེར་ཚན་ཆུང་དེས་མཁར་ནུབ་ཁུལ་ལ་སྤྲད་དེ་མཁར་ནུབ་ཁུལ་གྱིས་དུས་དང་པོར་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ནས་ཡུལ་དངོས་སུ་ལྟ་ཞིབ་བྱས་རྗེས། ཞིག་གསོ་ཁང་གཏོར་བཤིག་བཏང་ཡོད་པ་རེད།

        ང་རང་ཉིན་རྒྱུན་ས་འོག་བགྲོད་ལམ་འདི་བརྒྱུད་ནས་སྤྱི་སྤྱོད་རླངས་འཁོར་ལ་སྡོད་དགོས་པས་དེ་གར་ཡོད་པའི་ཞིག་གསོ་ཁང་འདིའི་ཚོན་རྩིས་ནམ་རྒྱུན་དུ་སྣ་ཚ་བར་བྱེད། ལྷག་པར་ས་འོག་བགྲོད་ལམ་དེ་ལ་རླུང་རྒྱུག་ས་ཡག་པོ་མེད་སྟབས་མགོ་ན་ཞིང་དབུགས་ཀྱང་འབྱིན་དཀའ་བའི་སྣང་བ་སྟེར་ཞེས་བུད་མེད་ཀྲེང་གིས་དེ་ལྟར་བརྗོད་བྱུང་། ཟླ༩བའི་ཚེས༢ཉིན་ལ་གསར་འགོད་པ་ལམ་དེར་བརྒྱུད་དུས་རླངས་འཁོར་ཞིག་གསོ་ཁང་དེའི་ཤུལ་ཙམ་ཡང་མཐོང་རྒྱུ་མེད་པར་གྲལ་དག་པོར་བཟོས་འདུག

        ཧོང་ཞིན་སྲང་ལམ་གཉིས་པའི་གད་སྙིགས་གཙང་ཕྱགས་བྱས་ཡོད་པ།

        གད་སྙིགས་གང་དགར་སྤུངས་ཤིང་མེར་བསྲེགས་པ་ནི་ཧོང་ཞིན་སྲང་ལམ་གཉིས་པའི་གནད་དོན་ཆེན་པོ་ཞིག་ཡིན། ཟླ༩བའི་ཚེས༢ཉིན་ལ་གསར་འགོད་པ་ལྷོ་ཐང་ནུབ་ལམ་གྱི་ཨང༡༠༥སྡོད་ཁུལ་དང་ཐག་ཉེ་བའི་ཧོང་ཞིན་སྲང་ལམ་གཉིས་པའི་གད་སྙིགས་སྤུངས་ས་དེར་བཅར་དུས་གད་སྙིགས་གཙང་མར་བཟོས་འདུག་པ་མཐོང་། ད་སྔ་ཧོང་ཞིན་སྲང་ལམ་གཉིས་པའི་གད་སྙིགས་ཀྱི་གནད་དོན་ལ་ཕྱོགས་བསྡུས་དག་ཐེར་བྱས་ཚར་ཡོད་ཅིང་། དེ་སྔར་སྙིགས་རོས་གང་བའི་ལམ་དེ་གཙང་མར་བཏང་བས་སྡོད་དམངས་ཀྱི་བཞིན་ལ་འཛིམ་གྱིས་ཁེངས་འདུག

        ལྷོ་ཐང་ནུབ་ལམ་གྱི་སྲང་ལམ་དོན་གཅོད་ཁང་གི་ཀྲུའུ་རེན་གཞོན་པ་ཁྲའེ་ཞའོ་ཅུན་གྱིས་གསར་འགོད་པར། ང་ཚོས་ལོ་རེར་ཧོང་ཞིན་སྲང་ལམ་གཉིས་པར་སྙིགས་སྣོད་མང་པོ་བཀོད་སྒྲིག་བརྒྱབ་ན་ཡང་ནམ་རྒྱུན་མེར་བསྲེགས་བཏང་འགྲོ་བས་འདིའི་ཁོར་ཡུག་གི་གནད་དོན་ནི་གནད་དོན་ཆེན་པོ་ཞིག་ཡིན་ཟེར། གནས་འདིའི་ཁོར་ཡུག་གི་གནད་དོན་ཛ་དྲག་ཡིན་དོན་ནི་སྡོད་ཁུལ་འདིར་སྡོད་མཁན་མི་ཚང་མང་ཤོས་ཁང་པ་གླས་ནས་སྡོད་པའི་ཕྱི་ཡོང་གི་མི་ཡིན་པས། འགྲོ་འོང་མང་ལ་དོ་དམ་བྱེད་དཀའ་བའི་ཐོག དེ་གའི་སྡོད་དམངས་ཀྱིས་ཉིན་རྒྱུན་ལྕགས་ཐབ་དང་རྡོ་སོལ་བཀོལ་གྱིན་ཡོད་པས། རྡོ་ཐལ་སོགས་འཚོ་བའི་གད་སྙིགས་ཀྱིས་སྙིགས་སྣོད་བསྲེགས་སོང་བ་རེད། སྙིགས་སྣོད་ཇེ་ཉུང་དུ་སོང་བར་བསྟུན་ནས་གད་སྙིགས་ཐད་ཀར་གང་སར་སྤུངས་བའི་ཁོར་ཡུག་གི་གནོད་དོན་འདི་བྱུང་བ་རེད་ཟེར།

        ཀྲུང་དབྱང་ཁོར་སྲུང་ལྟ་བཤེར་གྱིས་དག་ཐེར་ལས་དོན་མཐའ་འཁྱོལ་བ་དང་བསྟུན་ནས་ལྷོ་ཐང་ནུབ་མའི་སྲང་ལམ་དོན་གཅོད་ཁང་གིས་མྱུར་བ་མྱུར་དུ་དོན་དག་ཐག་གཅོད་ལ་དམ་འཛིན་བྱས་ནས་མང་ཚོགས་ཀྱིས་བཏོན་པའི་བསམ་འཆར་རེ་རེ་ལ་ལན་སྤྲད་དེ་རེ་རེ་བཞིན་ལག་བསྟར་མཐར་ཕྱིན་བྱས།

        ཟླ༩བའི་ཚེས༢ཉིན་གྱི་སྔ་དྲོར། གསར་འགོད་པས་ཧོང་ཞིན་སྲང་ལམ་གཉིས་པ་དེ་གྲལ་དག་ཅིང་མིག་ལ་སྡུག་པ་ཞིག་འདུག་པ་མ་ཟད། དྲི་ངན་ཡང་མཆེད་ཡོང་རྒྱུ་མེད་པ་དང་། དེ་སྔའི་སྙིགས་སྣོད་དེ་གད་སྙིགས་ཁང་པ་རུ་བཅོས་འདུག ་པ་མ་ཟད། སྲང་ལམ་གཞོགས་ཀྱི་གྱང་ལྡེབས་སུ་གད་སྙིགས་བསྲེགས་མི་རུང་བ་དང་། ཉིན་དེའི་མེ་ཐལ་ཉིན་ཕྱི་མར་ལྡུག་དགོས་པའི་དྲན་སྐུལ་སྦྱར་ཡིག་བཀོད་ཡོད་པ་སོགས་སྣང་ཚུལ་ཡག་པོ་དེ་མཐོང་། ཧོང་ཞིན་སྲང་ལམ་གཉིས་པའི་ཁ་པ་གླ་མཁན་སྐུ་ཞབས་ཀྲང་གིས་རང་ཉིད་ཀྱི་འཚོ་བའི་ཁོར་ཡུག་ལ་འགྱུར་ལྡོག་བྱུང་ཚུལ་ལ་བལྟས་ཏེ་འདི་སྐད། གད་སྙིགས་ཁང་པ་འདིས་ང་ཚོའི་གནད་དོན་མང་པོ་ཞིག་དངོས་ནས་ཐག་བཅད་སོང་། སྡོད་ཁུལ་འདིར་སྡོད་པའི་མི་ཞིག་ཡིན་པས་ཆ་ནས་ངས་རང་རྟོགས་ཀྱིས་སྡོད་ས་འདིའི་ཁོར་ཡུག་ལ་སྲུང་སྐྱོབ་ལེགས་པོ་བྱེད་འདོད་ཡོད་ཟེར།

        ལོ་ཙཱ་བ། ཁོན་ཐར་འཚོ།