སྐུ་འབུམ་བོད་སྨན་ཁང་ལ་ཡུ་གུར་དང་ཧ་སག་སོགས་མི་རིགས་གཞན་གྱི་ནད་པས་དགའ་བསུ་ཆེན་པོ་ཐོབ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-09-11 11:14:32      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

        མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཤིན་ཅང་ནས་སྐུ་འབུམ་བོད་སྨན་ཁང་ལ་སྨན་བསྟེན་དུ་འོང་བའི་ཡུ་གུར་གྱི་ནད་པས་བོད་སྨན་ཁང་དུ་ཁ་ཆེ་གསོལ་ཁང་ཞེས་ཡིག་འབྲུ་མཐོང་མ་ཐག་ཡ་མཚན་དང་བཅས་དགའ་སྤྲོ་ཚད་མེད་སྐྱེས་ཤིང་། སོག་པོ་ནད་པས་སྨན་ཐུམ་གྱི་སྟེང་དུ་རྒྱ་ཡིག་དང་བོད་ཡིག སོག་ཡིག ཡུ་གུར་རིགས་སོགས་ཀྱི་མིང་བཀོད་པ་མཐོང་འཕྲལ་ཐལ་མོ་དབང་མེད་དུ་གེར་ནས་བསྟོད་བསྔགས་བྱེད་པ་སོགས་མི་རིགས་མཐུན་སྒྲིལ་གྱི་སྣང་ཚུལ་རེ་རེས་མི་རིགས་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་འཕེལ་འགྲོས་ཇེ་མགྱོགས་སུ་བཏང་ཡོད་པ་མ་ཟད། ཟི་ལིང་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་སྔོན་སྤེལ་གྲོང་ཁྱེར་དུ་གཏོད་པའི་ལས་ཀ་བསྒྲུབས་ཚུན་ལ་མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་ཞི་མཐུན། དཔལ་འབྱོར་གོང་སྤེལ། སྤྱི་ཚོགས་འཆམ་མཐུན་གྱི་རྣམ་པ་གསར་བ་ཞིག་མངོན།
       

        ༡༩༨༠ལོར་སྐུ་འབུམ་བོད་སྨན་སྨན་བཅོས་ས་ཚིགས་དབུ་བརྙེས། ལོ་ངོ༣༠ལྷག་གི་འཕེལ་རྒྱས་ཁྲོད་བོད་སྨན་ཁང་དེ་སྨན་བཅོས་དང་སྡེབ་སྦྱོར། སློབ་འཁྲིད། སྤྱི་ཕན་རོགས་སྐྱོབ་བཅས་ཕུང་བོ་གཅིག་ཏུ་གྲིལ་བའི་སྲོལ་རྒྱུན་གྱི་ནང་བསྟན་བོད་སྨན་ཁང་དུ་གྱུར།

        ཉེ་བའི་ལོ་འགའི་ཚུན་ལ། ལོ་རེར་བོད་ལྗོངས་དང་སི་ཁྲོན། ཡུན་ནན། ཤིན་ཅང་སོགས་ནས་སྨན་བསྟེན་དུ་ཡོང་བའི་བོད་རིགས་དང་། སོག་པོ། ཁ་ཆེ། ཟ་ལར། ཡུ་གུར། ཧ་སག་སོགས་མི་རིགས་གྲངས་ཉུང་གི་ནད་པ་ཇེ་མང་ནས་ཇེ་མང་ཡིན་ཕྱིར། མུའུ་སི་ལིན་དད་ལྡན་མཁན་ནད་པ་རྣམས་ཀྱི་ཁ་ཟས་སྟབས་བདེ་དང་ནད་པ་དྲག་སྐྱེད་ཀྱི་དགོས་ངེས་ལ་དམིགས་ནས་ཆེད་དུ་ཁ་ཆེ་གསོལ་ཁང་ཞིག་བཙུགས། སྨན་འཁྲུས་ནི་བོད་སྨན་གྱི་ཐུན་མོང་མ་ཡིན་པའི་བཅོས་ཐབས་ཤིག་ཡིན། བཅོས་ཐབས་དེར་བསྟེན་དུས་ཟས་རིགས་དང་ཁང་བའི་དྲོད་ཚད་སོགས་ལ་ཆ་རྐྱེན་དང་རེ་བ་ནན་མོ་འཛིན་གྱི་ཡོད་པས། ཁ་ཆེ་གསོལ་ཁང་དེ་མ་བཙུགས་སྔོན་ལ་ནད་པ་དེ་དག་གིས་ནམ་རྒྱུན་ཁྲོམ་སྲང་གི་ཁ་ཆེ་ཟ་ཁང་ནས་ཟས་ཉོས་ནས་ནད་པའི་གམ་དུ་ཐོན་དུས་འཁྱགས་འགྲོ་བ་དང་། ཟས་བཅུད་ཀྱང་འཛོམས་པོ་མིན་ཕྱིར་སྨན་འཁྲུས་ཀྱི་ནུས་པ་འདོན་པ་ལ་གེགས་བཟོ་གི་ཡོད་པ་རེད། ཚུལ་དེར་གཞིགས་ནས་བོད་སྨན་ཁང་གི་འགན་འཁུར་བས་ཁ་ཆེ་གསོལ་ཁང་འཛུགས་དགོས་པའི་དགོངས་འཆར་བཏོན།
       

        བོད་སྨན་ཁང་དེས་ཁ་ཆེ་གསོལ་ཁང་ལས་གཞན་ད་དུང་སྨན་བཅོས་ཀྱི་ཞབས་ཞུ་མང་པོ་ཞིག་མཁོ་འདོན་བྱས་ནས་མི་རིགས་ཁག་གི་ནད་པ་གང་རུང་གིས་སྨན་པ་དང་སྨན་བཅོས་ཐད་ཀྱི་བློ་འདྲི་ལ་སྟབས་བདེ་བཟོས་ཡོད་པས་སྨན་ཁང་དེའི་སྨན་པ་རྣམས་ཀྱིས་མི་རིགས་མཐུན་སྒྲིལ་གྱི་ལེའུ་རེ་རེ་དོན་དངོས་ཀྱི་བྱེད་སྤྱོད་ཐོག་ལག་ལེན་མཐའ་འཁྱོལ་བྱས་ཡོད། མི་རིགས་ཁག་གི་ནད་པ་གང་རུང་ལ་སྨན་བཅོས་དང་འབྲེལ་འདྲིས་ཡག་པོ་ཞིག་ཡོང་ཐུབ་ཆེད། སྨན་ཁང་དེས་བསམ་བློ་དང་ཕྱོགས་ཞེན་གྱི་མདུད་པ་ལྷུག་པོར་གྲོལ་ཏེ་མི་རིགས་ཁག་གི་སྐད་ལ་སློབ་སྦྱོང་བྱེད་པར་ཡར་སྐུལ་དང་རྒྱབ་སྐྱོར་ཆེན་པོ་བྱས། ད་སྔ་སྨན་ཁང་གི་བླ་མ་བཀྲ་ཤིས་ཚང་དང་། སྨན་པ་བསོད་ནམས་དཔལ་ལྡན་མཆོག་བཅས་ནས་མི་རིགས་ཁག་གི་སྐད་ལ་བྱང་ཆ་ཡོད་པའི་སྒོ་ནས་ནད་པའི་བར་ལ་འབྲེལ་འདྲིས་བྱེད་ཐུབ་ཅིང་། སྨན་པ་བཞིས་ཡུ་གུར་དང་སོག་སྐད་ཀྱི་ལམ་ནས་ནད་པའི་བར་འབྲེལ་འདྲིས་འོས་འཚམ་རེ་བྱེད་ཐུབ་པས། མང་ཚོགས་ཀྱི་ནད་བརྟག་དང་བཅོས་ཐབས་ལ་སྟབས་བདེ་བཟོས་པར་མི་རིགས་ཁག་གི་ནད་པ་རྣམས་ཀྱིས་དགའ་བསུ་དང་ཡི་རིང་ཐོབ་ཡོད།

       

        ལོ་ཙཱ་བ། ཁོན་ཐར་འཚོ།