མཚོ་སྔོན་ཞིང་ཆེན་གྱིས་དཀའ་ངལ་ཡོད་པའི་བྱིས་པའི་འགན་སྲུང་ལམ་ལུགས་འཐུས་ཚང་དུ་བཏང་།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-09-11 11:30:57      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

        ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 《རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དཀའ་ངལ་ཡོད་པའི་བྱིས་པར་འགན་སྲུང་བྱེད་པའི་བྱ་བའི་བསམ་འཆར》ལག་ལེན་དང་དངོས་འབེབས་བྱ་ཆེད། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཟླ8པའི་ཚེས23ཉིན《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་དཀའ་ངལ་ཡོད་པའི་བྱིས་པའི་འགན་སྲུང་བྱ་བར་ཤུགས་སྣོན་བྱེད་པའི་ལག་བསྟར་བསམ་འཆར》དངོས་སུ་འགྲེམ་སྤེལ་བྱས། འདི་ནི་མཚོ་སྔོན་ཞིང་ཆེན་གྱིས་དཀའ་ངལ་ཡོད་པའི་བྱིས་པའི་འགན་སྲུང་ལམ་ལུགས་བཙུགས་རྗེས། ཐོག་དང་པོར་ཞིང་ཆེན་རིམ་པའི་ཁྱབ་ཁོངས་ནས་དཀའ་ངལ་རིགས་སོ་སོ་ཡོད་པའི་བྱིས་པའི་འགན་སྲུང་ལ་ལམ་ལུགས་རང་བཞིན་གྱིས་བཀོད་སྒྲིག་བྱས་པ་ཡིན་པས། མིག་སྔར་རང་ཞིང་གི་དཀའ་ངལ་ཡོད་པའི་བྱིས་པའི་རྩ་བའི་འཚོ་གནས་དང་འཕེལ་རྒྱས་ཁྲོད་བྱུང་བའི་གནད་དོན་ཐག་བཅད་དེ། རང་ཞིང་གི་དཀའ་ངལ་ཡོད་པའི་བྱིས་པའི་འགན་སྲུང་བྱ་བར་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན།

        《ལག་བསྟར་ཇུས་གཞི》ལ་ཕྱོགས་བཞི་ཡི་ནང་དོན་འདུས་ཤིང་། གཅིག་ནི་དཀའ་ངལ་ཡོད་པའི་བྱིས་པའི་འགན་སྲུང་གི་དབྱེ་བ་གཏན་ཁེལ་བྱས་པ་དང་། དཀའ་ངལ་ཡོད་པའི་བྱིས་པར་ཁྱིམ་ཚང་གི་དཀའ་ངལ་དང་། རང་སྟེང་གི་དཀའ་ངལ། ལྟ་སྐྱོང་དཀའ་ངལ་ལྟར་ཕྲ་ཞིབ་ཏུ་དབྱེ་ནས་རིགས་འབྱེད་ཚད་གཞི་ཇེ་གསལ་ཏུ་བཏང་། གཉིས་ནི་དཀའ་ངལ་ཡོད་པའི་བྱིས་པའི་འགན་སྲུང་བྱེད་ཐབས་གཏན་ཁེལ་བྱས་པ། དཀའ་ངལ་ཡོད་པའི་བྱིས་པའི་གཞི་རྩའི་འཚོ་བར་འགན་སྲུང་བྱེད་པ་ནས། སྨན་བཅོས་དང་སློབ་གསོ་ལ་ཤུགས་བསྣན་ཏེ། ལྟ་སྐྱོང་འགན་འཁྲི་དངོས་འབེབས་བྱེད་པ་དང་། དབང་བོ་སྐྱོན་ཅན་གྱི་བྱིས་པའི་ཕན་བདེ་ཞབས་ཞུ་ལ་ཤུགས་སྣོན་བྱེད་པ། བདེ་འཇགས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་ཕྱོགས་དྲུག་ནས་བྱེད་ཐབས་བྱེ་བྲག་བཏོན། གསུམ་ནས་དཀའ་ངལ་ཡོད་པའི་བྱིས་པའི་འགན་སྲུང་མ་ལག་གཏན་ཁེལ་བྱས་པ། རང་ཞིང་གི་དོན་དངོས་ལ་དམིགས་ཏེ། གྲོང་ཁྱེར་དང་ས་ཁུལ་མི་དམངས་སྲིད་གཞུང་དང་། རྫོང་རིམ་པའི་མི་དམངས་སྲིད་གཞུང་། ཤང་གྲོང་མི་དམངས་སྲིད་གཞུང་།(སྲང་ལམ་གཞུང་སྒྲུབ་ཁང་།)ཞིང་སྡེ(གཞིས་ཁུལ)སྡོད་དམངས་ཨུ་ཡོན་ལྷན་ཁང་བཅས་རིམ་པ་བཞི་བའི་བྱ་བའི་དྲ་བའི་སྒྲིག་འཛུགས་ཐད་ནས་བླང་བྱ་བཏོན། བཞི་ནི་དཀའ་ཁག་ཡོད་པའི་བྱིས་པའི་བྱ་བའི་འགན་སྲུང་གཏན་ཁེལ་བྱས་པ་དང་། རྩ་འཛུགས་མགོ་ཁྲིད་དང་། ནུས་ཤུགས་འཛུགས་སྐྲུན། དྲིལ་བསྒྲགས་ཁྲིད་སྟོན་བཅས་ལ་ཤུགས་སྣོན་རྒྱག་པའི་བྱ་བའི་བྱེད་ཐབས་བཏོན།

        《ལག་བསྟར་བསམ་འཆར》ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི《བསམ་འཆར》གྱི་གཙོ་ཁྲིད་འོག་རང་ཞིང་གི་གནས་ཚུལ་དངོས་དང་བསྟུན་ནས་ཞིབ་ཕྲ་དང་འཐུས་ཚང་ཅན་དུ་བཏང་ཡོད། 《ལག་བསྟར་བསམ་འཆར》གཏན་འབེབས་བྱས་རྗེས། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དཀའ་ངལ་ཡོད་པའི་བྱིས་པ་ཁྲི3ལྷག་གི་གཞི་རྩའི་འགན་སྲུང་ལ་སྲིད་ཇུས་ནུས་ལྡན་འདོན་སྤྲོད་བྱས་ཡོད་པ་རེད། །