ཐན་ཅིན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཤུགས་སྣོན་བརྒྱབ་ནས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་རྒྱས་འཛོམས་ལ་བསུ་བ་ཞུས་པ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-09-12 16:24:28      རྩོམ་སྒྲིག་པ། : ཨ་གཡང་སྐྱིད།

        མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། སྤྱི་ལོ2013ལོའི་ཟླ5པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐན་ཅིན་ལ་རྟོག་ཞིབ་གནང་སྐབས། མཛེས་སྡུག་ལྡན་པའི་ཐན་ཅིན་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་དགོས་ཞེས་གསུངས་ཡོད། ལོ་བཞིའི་རིང་། ཐན་ཅིན་གྱིས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་གཉེར་རྒྱུ་དེ་གོ་སྐབས་སུ་བརྩིས་ནས། སྐྱེ་ཁམས་བདེ་སྡོད་ཀྱི་ཆུ་ཚད་མཐོ་རུ་བཏང་བ་དང་། དཔལ་འབྱོར་དང་སྐྱེ་ཁམས་གཉིས་ཀྱི་ཐད་ཕན་འབྲས་ཆེན་པོ་ཐོབ་ཡོད་པ་རེད།

        ཐན་ཅིན་གྱིས་པའོ་ཏི་ཁུལ་ཅན་ཀན་ཆུ་བོའི་འགྲམ་དུ་འགྲོ་སྐབས། ཆུ་གཙང་ཞིང་ཆུ་ངོགས་སྔོ་ལྗང་ལྡན་པ། ཆུ་བོའི་ནང་དུ་ཆུ་རྐྱལ་རྒྱག་བཞིན་པའི་ཉ་མོ་ཡང་གསལ་ལྷམ་མེར་མཐོང་ཐུབ། འདི་གར་ནི་དེ་སྔོན་ལོ་ཉི་ཤུ་ཙམ་གནས་པའི་བཙོག་ཆུ་དྲི་ངན་ཅན་ཞིག་ཡིན་པའི་བསམ་ཚོད་བྱེད་ཁག་པོ་ཡོད། པའོ་ཏི་ཁུལ་ཆུ་དོན་ཅུས་ཀྱི་སྤྱི་ཁྱབ་བཟོ་སྐྲུན་པ་ཏའེ་ཧུང་གིས། ཉེ་ལམ་ལོ་ཤས་རིང་གཅིག་བསྡུས་བཅོས་སྐྱོང་དང་ཆུ་དཔོན་ལམ་ལུགས་དོན་འཁྱོལ་བྱས་པ་བརྒྱུད། ཅན་ཀན་ཆུ་བོའི་ཆུའི་སྤུས་ཀ་ལེགས་བཅོས་ཆེན་པོ་བྱུང་ཡོད་ཅེས་དང་།

        ད་ལྟ་ཆུ་སྐྱེས་སྐྱེ་དངོས་སྣེ་མང་ཅན་ཡོད་པ་ནི་མངོན་གསལ་དོད་ཤོས་ཡིན་ཞིང་། ཆུའི་སྤུས་ཀའི་ཐད་ནས་ཀྱང་ལེགས་སུ་འགྲོ་ཤུགས་ཆེན་པོ་ཡོད་ཅེས་གསུངས་པ་རེད།

        ཉེ་ལམ་ལོ་ཤས་རིང་། ཐན་ཅིན་གྱིས་མཁས་རླུང་གཙང་སེལ་དང་། ཆུ་ལམ་གཙང་སེལ། གྲོང་ཚོ་གཙང་སེལ། གྲོང་ཁུལ་གཙང་སེལ། ལྗང་འགྱུར་མཛེས་འགྱུར་བཅས་བྱ་རྒྱུ་དེ་གྲོང་ཁྱེར་དེ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བའི་ཐད་ཤུགས་སྣོན་རྒྱག་ས་གཙོ་བོར་རྩིས་རྒྱུ་དང་། མཛེས་སྡུག་ལྡན་པའི་ཐན་ཅིན་འཛུགས་སྐྲུན་བྱེད་པའི་སྐྱེ་ཁམས་ལས་གཞི་ལག་བསྟར་བྱ་རྒྱུ་ཡིན་པ་རེད། ཉེ་ཆར་ད་དུང་ཆེད་དོན་ཞིབ་འཇུག་བྱས་ཏེ། ཆི་ལི་ཧའེ་དང་། ཏ་ཧོང་པའོ་སོགས་འདམ་རྭའི་ཁུལ་བཞིར་སྲུང་སྐྱོབ་བྱ་རྒྱུའི་འཆར་གཞི་བཏོན་ཡོད་པ་རེད། ཐན་ཅིན་གྲོང་ཁྱེར་གྱི་གྲོང་སྤྱི་ཝང་ཏུང་ཧྥེང་གིས།

        གཙང་སེལ་བཞི་དང་ལྗང་འགྱུར་གཅིག་གི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། ནུས་ཤུགས་ཡོད་རྒུས་རླུང་ཁམས་ཆེན་མོའི་སྦག་བཙོག་འགོག་བཅོས་དང་ཚོད་འཛིན་བྱ་རྒྱུ་ཡིན་པ་དང་། རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་PM2.5ཆག་པ་བྱ་རྒྱུའི་དམིགས་འབེན་ལས་འགན་སྔ་བསྣུར་དུ་ལེགས་གྲུབ་བྱ་རྒྱུ་ཡིན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་དང་སྐྱེ་ཁམས་ཁོར་ཡུག་ལ་འགྱུར་བ་གསར་པ་ཡོང་བ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

        ཐན་ཅིན་གྱི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱ་རྒྱུ་ཚན་རྩལ་དང་། རིག་གནས་ཁེ་ལས་མང་པོ་ཞིག་གིས་མ་འཇོག་བྱ་རྒྱུར་ཡིད་འགུག་བྱས་ཡོད། འདི་ལོའི་སྤྱི་ཟླ4པར། བཙུགས་མ་ཐག་པའི་པོའོ་ལུང་། ཨའུ་ཧྭ་རྒྱལ་སྤྱིའི་གློག་བརྙན་བརྙན་འཕྲིན་ལས་རིགས་ཀྱི་རྟེན་གཞིས་ཁག་དང་པོར་ཨ་རིའི་ཧའོ་ལའེ་ཨུ་ཡི་གློག་བརྙན་བརྙན་འཕྲིན་ཀུང་སི་མང་པོ་ཞིག་ཡིད་འགུག་བྱས་ཡོད་པ་དང་། དེ་གར་གློག་བརྙན་བརྙན་འཕྲིན་གྱི་རང་མོས་ཉོ་ཚོང་ཁུལ་ཞིག་བསྐྲུན་རྒྱུ་ཡིན་པ་རེད། ཐན་ཅིན་ལག་རྩལ་མཐོ་གསར་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ཝེ་ཡིས། ད་ཡོད་ཀྱི་ཧ་ཅང་ལེགས་པའི་ཆ་རྐྱེན་ཏེ། དཔེར་ན་ཁོར་ཡུག་འདི་གློག་བརྙན་བརྙན་འཕྲིན་རྟེན་གཞིར་བསྐྲུན་རྒྱུ་དེར་ཆ་རྐྱེན་ཡག་པོ་ཡོད། ངས་བསམས་ན་འདི་ནི་ང་ཚོའི་བཟང་ཆ་ཆེ་ཤོས་ཤིག་རེད་ཅེས་གསུངས་ཡོད་པ་རེད།

        སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱས་པ་དེས་ཐན་ཅིན་ལ་དཔལ་འབྱོར་དང་སྐྱེ་ཁམས་གཉིས་ཀྱི་ཐད་ཀྱི་ཕན་འབྲས་ཐོབ་བཞིན་ཡོད། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཐན་ཅིན་དུ་འཚོགས་གྲབས་ཡོད་པ་དང་། ཐན་ཅིན་གྲོང་ཁྱེར་གྱིས་དེ་གོ་སྐབས་སུ་རྩིས་ཏེ། སྲང་ལམ110ལྷག་དང་། བཟོ་སྐྲུན2900ལྷག་ལ་ཉམས་བཟོ་བྱས་ཡོད་པ་དང་། སྤྱི་ལེ་བཅུའི་རིང་ཚད་ཡོད་པའི་མཚོ་དང་མཚེའུའི་མཚན་ལྗོངས་ཡང་སྤྱི་ཡོངས་ནས་རིམ་པ་མཐོ་རུ་བཏང་ཡོད་པ་རེད། ད་ཆ། དྭངས་གཙང་གི་མཚོ་ཆུ་དང་། གྲལ་སྟར་སྒྲིག་པའི་འགྲོ་ལམ། ཚོན་མདོག་བཀྲ་བའི་གློག་སྒྲོན་བཅས་ཀྱིས་རྒྱལ་ཡོངས་ཀྱི་ཕྱོགས་བཞི་མཚམས་བརྒྱད་ནས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ལ་ཆེད་དུ་ཡོང་བའི་མི་རྣམས་ལ་ཐན་ཅིན་གྱི་ལྷག་བསམ་དང་སྤྲོ་སེམས་ཚོར་ཐུབ་པ་བྱས་ཡོད་པ་རེད།

      ལོ་ཙཱ་བ། ལྷ་ཆེན་རྒྱལ།