མཚོ་སྔོན་གྱི་ཐོན་རྫས་མི་འདྲ་བ21ལ་སྐྱེ་ཁམས་ཐོན་སྐྱེད་ས་གནས་ཀྱི་ཐོན་རྫས་སྲུང་སྐྱོབ་ཐོབ་པ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-09-12 16:24:28      རྩོམ་སྒྲིག་པ། : ཨ་གཡང་སྐྱིད།

        ཉེ་བའི་ལོ་འདི་དག་གི་རིང་ལ། མཚོ་སྔོན་གྱི་མངའ་ཁོངས་ཞིབ་བཤེར་རིམས་ནད་འགོག་སྲུང་ཅུའུ་ཡིས་སྐྱེ་ཁམས་དཔལ་ཡོན་འཛུགས་བསྐྲུན་ལ་མཐོང་ཆེན་བྱས་ཏེ། སྔ་གཞུག་ཏུ་ཚོད་ལྟ་དང་གསོ་སྐྱོང་། ཁེ་ལས་མཛུབ་སྟོན་སོགས་ཧུར་ཐག་གིས་སྤེལ་ནས་སྐྱེ་ཁམས་ཐོན་སྐྱེད་ས་གནས་ཀྱི་ཐོན་རྫས་ལ་སྲུང་སྐྱོབ་བྱེད་པའི་རེ་འདུན་སྙན་ཞུའི་བྱ་བ་ལེགས་པོར་སྒྲུབ་པ་རེད། མིག་སྔར་ཞིང་ཆེན་ཡོངས་ཀྱི་ཁེ་ལས་རིགས་མི་འདྲ་བ13ཀྱི་ཐོན་རྫས་རིགས་མི་འདྲ་བ21ལ་སྐྱེ་ཁམས་ཐོན་སྐྱེད་ས་གནས་ཀྱི་སྲུང་སྐྱོབ་ཐོབ་པའི་ཐོན་རྫས་སུ་གྱུར་བ་རེད། གཏེར་ཆུ་དང་དབྱར་རྩ་དགུན་འབུ། འཕང་འབྲས། འཕང་འབྲས་ནག་པོ། གྲོ་མ། ཤ་སྐམ་སོགས་ཐོན་རྫས་རིགས་མི་འདྲ་བ17ལ་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཐོན་སྐྱེད་ས་གནས་ཀྱི་སྲུང་སྐྱོབ་ཐོབ་པའི་ཐོན་རྫས་ཐོག་མ་རུ་གྱུར་ཞིང་། ཟི་ལིང་གྲོང་ཁྱེར་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སོགས་ས་ཁུལ་གྱི་འབྲེལ་ཡོད་ཐོན་རྫས་ཀྱི་འཕར་སྣོན་ཚད་གཞི་སྔར་ལས་མཐོར་འདེགས་སུ་གཏོང་བར་སྐུལ་འདེད་བྱས་པ་རེད།

        ཡོངས་གྲགས་ཀྱི་སྐྱེ་ཁམས་ཐོན་སྐྱེད་ས་གནས་ཀྱི་ཐོན་རྫས་ནི་ཐོན་རྫས་ཀྱི་སྐྱེ་འཕེལ་དང་མ་བཅོས་རྒྱུ་ཆ་འདོན་ལེན། ཐོན་སྐྱེད། ལས་སྣོན། གསར་བཟོ། ཐུམ་སྒྲིལ། གསོག་ཉར་དང་སྐྱེལ་འདྲེན། བེད་སྤྱོད། སྙིགས་རྫས་དོར་འདོར་སོགས་ཀྱི་བརྒྱུད་རིམ་ཁྲོད་ལྗང་མདོག་ཁོར་ཡུག་སྲུང་སྐྱོབ་དང་ཐན་དམའ་བའི་གྲོན་ཆུང་། ཐོན་ཁུངས་སྲི་ཆགས་སོགས་ཀྱི་དགོས་མཁོ་དང་ཡོངས་སུ་མཐུན་པ་མ་ཟད། མ་བཅོས་ཐོན་ཁུངས་ཀྱི་ཁྱད་ཆོས་དང་སྐྱེ་ཁམས་རང་བཞིན་གྱི་ཐོན་རྫས་ལེགས་པོ་ཞིག་ཡིན་པས། སྐྱེ་ཁམས་མ་བཅོས་རྒྱུ་ཆའི་ཐོན་རྫས་བྱ་བར་སྲུང་སྐྱོབ་ཐོབ་པར་ཤུགས་སྣོན་བྱས་པ་ནི་རང་ཞིང་གི་སྒྲིག་གཞིའི་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་བྱས་པར་ཕན་ཞིང་། མཚོ་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་རིམ་འཕར་ཐད་ཀྱི་བྱེད་ནུས་གལ་ཆེན་ཞིག་ཀྱང་ཡིན་པས། མཚོ་སྔོན་གྱི་ཁྱད་ལྡན་ཐོན་རྫས་ཀྱི་ཤུགས་རྐྱེན་དང་ཁེ་ལས་སྣ་འཛོམས་ཀྱི་འགྲན་རྩོད་རང་བཞིན་ལ་ཡང་ཕན།

        རྒྱུས་ལོན་བྱུང་བ་ལྟར་ན། དེ་ཡང2016ལོ་ནས་བཟུང་རང་ཞིང་གིས་དུས་ཡུན་ལོ་ངོ་གསུམ་གྱི་དུས་ཚོད་བེད་སྤྱད་དེ་སྐྱེ་ཁམས་མ་བཅོས་ཐོན་ལས་ཀྱི་ཐོན་རྫས་ལ་སྲུང་སྐྱོབ་བྱེད་པའི་བྱ་བའི་སྤྱི་སྡོམ་གྱི་རྨང་གཞིའི་སྟེང་། ན་གོར་མོ་གྲོང་ཁྱེར་སྐྱེ་ཁམས་མ་བཅོས་ཐོན་ལས་ཀྱི་ཐོན་རྫས་ལ་སྲུང་སྐྱོབ་བྱེད་པའི་དཔེར་སྟོན་ར་བ་གསར་འཛུགས་བྱས་ཤིང་། མིག་སྔར་ཁུ་ནུ་རི་བོའི་གངས་ཆབ་གཏེར་ཆུ་དང་རྒྱང་རིང་བའི་ཕ་མཐའ་རྟགས་ཅན། གནམ་འོག་གི་བདེ་ཐང་། གུ་ལུ་ཆེན་མོའི་འཕང་འབྲས་སོགས་འཕང་འབྲས་ཀྱི་ཐོན་རྫས་སྣ་ཚོགས་ལ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཐོན་ལས་ས་ཁུལ་གྱི་ཐོན་རྫས་ལ་སྲུང་སྐྱོབ་ཐོབ་པ་དང་། ན་གོར་མོ་གྲོང་ཁྱེར་སྲིད་གཞུང་གིས་རྒྱལ་ཁབ་སྐྱེ་ཁམས་མ་བཅོས་ཐོན་ལས་ས་ཁུལ་གྱི་ཐོན་རྫས་ལ་སྲུང་སྐྱོབ་བྱེད་པའི་དཔེར་སྟོན་ས་ཁུལ་སོགས་ཀྱི་རིགས་སོ་སོའི་ཆེས་གཞི་རྩའི་ཆ་རྐྱེན་ལ་རེ་འདུན་ཞུ་ཡིག་རབས་དང་རིམ་པ་ཞིག་གྲ་སྒྲིག་བྱས་པ་རེད།

        ལོ་ཙཱ་བ། ལྷ་དཔལ་སྐྱབས།