གཏེར་ལེན་ཁ་གྲོང་ཁྱེར་གྱིས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལ་སྐུལ་འདེད་ཏན་ཏིག་བྱས་པ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-09-13 11:11:20      རྩོམ་སྒྲིག་པ། : ཡེ་ཤེས །

        མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། བསྟུད་མར་ཉིན་འགའི་རིང་དུ་གཏེར་ལེན་ཁ་གྲོང་ཁྱེར་གྱི་ལྟ་སྐུལ་བཅོས་སྒྲིག་ལས་དོན་ཚོགས་ཆུང་གིས་མང་ཚོགས་ཀྱིས་བཏོན་པའི་གནད་དོན་ལ་གཞིགས་ཏེ། བཅོས་སྒྲིག་གིས་ཕན་འབྲས་མངོན་པ་དང་དོ་དམ་ཆུ་ཚད་མཐོ་རུ་བཏང་ནས་ཁོར་ཡུག་ལེགས་འགྱུར་ཆེན་པོ་གཏོང་བའི་སྤྱིའི་བླང་བྱ་ལྟར། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གཙང་སྦྲ་དང་གྲོང་ཁྱེར་གྱི་རྣམ་པ། ཚོང་རའི་སྒྲིག་ལམ་དང་འགྲིམ་འགྲུལ་གྱི་སྒྲིག་ལམ་བཅས་གཙོ་གནད་ཐོག་བཅོས་སྒྲིག་དང་། མང་ཚོགས་ཀྱིས་སེམས་ཁུར་བྱེད་ས་དང་ཁོར་ཡུག་གི་གནད་དོན་དག་ཐག་གཅོད་བྱས་ནས་མང་ཚོགས་ཀྱི་ཡིད་ཆེས་འཐོབ་པའི་གྲུབ་འབྲས་མངོན་པ་རེད།

        གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕྲོད་བསྟེན་བཅོས་སྒྲིག་བྱེད་པ། གཏེར་ལེན་ཁ་གྲོང་ཁྱེར་གྱིས་གྲོང་ཁུལ་དང་གྲོང་རྡལ་གྱི་ཁྲོམ་གཞུང་། ལམ་མདོ་གཙོ་བོ་དང་རྒྱལ་ཁབ་རིམ་པའི་གཞུང་ལམ། ཞིང་ཆེན་རིམ་པའི་གཞུང་ལམ་བཅས་ལམ་རྒྱུད་གཙོ་གནད་དུ་བཟུང་སྟེ། ད་ཡོད་ཀྱི་རྨང་གཞིའི་གྲུབ་འབྲས་ཐོག་མཐོར་འདེགས་སྲ་བརྟན་དུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལས་བྱེད་པ་དང་མང་ཚོགས་རྒྱ་ཁྱབ་ཏུ་སྐུལ་སློང་བྱས་ནས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱེད་སྒོ་གཏིང་ཟབ་སྤེལ་ཞིང་། བཅོས་སྐྱོང་གཙོ་གནད་དེ་གྲོང་ཁྱེར་དང་གྲོང་གསེབ་འབྲེལ་མཚམས་དང་སྲང་ལམ། ཆུ་ལམ་ཤུར་མོ་སོགས་སྤྱི་བའི་ཁྱབ་ཁོངས་སུ་སྣུར་སྲིང་བྱས་ཏེ་བཅོས་སྐྱོང་གི་གྲུབ་འབྲས་ཟམ་མི་ཆད་པར་རྒྱ་བསྐྱེད་པ་རེད།

        འགྲིམ་འགྲུལ་སྒྲིག་ལམ་བཅོས་སྒྲིག་ཐད་ནས་རླངས་འཁོར་གང་བྱུང་དུ་མི་འཇོག་པ་དང་ལམ་ནང་དུ་ཚོང་གཉེར་བྱེད་བཞིན་པའི་སྒྲིག་འགལ་གྱི་བྱ་སྤྱོད། གཞུང་ལམ་སྒེར་བཟུང་བྱེད་པ་སོགས་ཀྱི་སྣང་ཚུལ་ངན་པ་སོགས་རྩ་བ་ནས་གཏན་འགོག་དང་བཅོས་སྒྲིག་བྱས་ནས་མང་ཚོགས་ལ་སྟབས་བདེ་ནུས་ལྡན་དང་ཚད་ལྡན་བདེ་འཇགས་ཀྱི་ཁོར་ཡུག་བསྐྲུན་པ་རེད།

        གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁྲོམ་ར་བཅོས་སྒྲིག་ཐད་ནས་མང་ཚོགས་ལ་སྟབས་བདེ་སྐྲུན་པ་དང་ཚོང་ར་འཛུགས་པའི་རྩ་དོན་ལྟར། ཚོང་བས་གྲོང་ཁྱེར་གྱི་ལམ་སྒེར་བཟུང་བྱེད་པ་དང་འགྲིམ་འགྲུལ་འགོག་རྐྱེན་བྱུང་བ། འཕྲོད་བསྟེན་གཏོར་བཤིག་དང་གྲོང་ཁྱེར་གྱི་རྣམ་པ་ཤུགས་རྐྱེན་ཐེབས་པའི་གནད་དོན་དག་བཅོས་སྒྲིག་བྱེད་པ་རེད།

        སྒྲིག་འགན་བཟོ་སྐྲུན་བཅོས་སྒྲིག་ཐད་ནས་གྲོང་ཁྱེར་ཁུལ་དང་མཛེས་ལྗོངས་ས་ཁུལ། འགྲིམ་འགྲུལ་ལམ་རྒྱུད་དུ་སྒྲིག་འགལ་བཟོ་སྐྲུན་བཤིག་པ་སོགས་གཙོ་གནད་དུ་བཟུང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྲང་ལམ་སྦགས་བཙོག་བྱས་པར་གཅིག་སྡུད་ཐོག་དག་ཐེར་བྱེད་པ་བཅས་རེད།

        ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།