ལི་ཁེ་ཆང་གིས་ས་ལུའོ་ཉི་ཁ་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སྐབས་82པར་རྟེན་འབྲེལ་འཕྲིན་ཡིག་བཏང་གནང་བ།

      ཡོང་ཁུངས། : མི་དམངས་དྲ་བ།      སྤེལ་དུས། : 2017-09-13 17:31:34      རྩོམ་སྒྲིག་པ། : ཡེ་ཤེས །

        མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་9ཉིན་ས་ལུའོ་ཉི་ཁ་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སྐབས་82པ་དང་ཀྲུང་གོ་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཀྱི་བྱེད་སྒོའི་ཐོག་རྟེན་འབྲེལ་འཕྲིན་ཡིག་བཏང་གནང་བ་རེད། ཀེ་རི་སེའི་ཙུང་ལི་ཆི་ཕུའུ་ལ་སི་དངོས་མང་སྟོན་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཕེབས་པ་མ་ཟད་ཀྲུང་གོའི་འགྲེམས་ཁང་ལ་ལྟ་སྐོར་ཡང་གནང་བ་རེད།

        རྟེན་འབྲེལ་འཕྲིན་ཡིག་ནང་ལི་ཁེ་ཆང་གིས། 1998ལོར་ཀྲུང་གོ་ཉིད་ས་ལུའོ་ཉི་ཁ་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ལོ་རྒྱུས་ཐོག་གི་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཀྱི་མིང་ཐོག་ནས་ཐོག་མར་ཞུགས་ཏེ་ཀྲུང་གོ་དང་ཡོ་རོབ་དབར་དཔལ་འབྱོར་ཉོ་ཚོང་ཐད་འབྲེལ་ཟམ་གསར་པ་ཞིག་བསྐྲུན་ཡོད། དེ་ཐོག་ནས་དངོས་མང་སྟོན་ཚོགས་རང་ངོས་ཀྱི་འཕེལ་རྒྱས་ལ་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ་དང་ཀྲུང་གོ་དང་ཡོ་རོབ་ཀྱི་འགྲོ་འོང་དང་ཀྲུང་གོ་དང་ཀེ་རི་སེའི་འབྲེལ་བ་འཕེལ་རྒྱས་ཆེན་པོ་འགྲོ་བའི་དུས་མཚམས་གསར་པ་ཡང་བཏོད་ཡོད། ལོ་19ཡི་རིང་ཀྲུང་གོ་དང་ཀེ་རི་སེ་རྒྱལ་ཁབ་གཉིས་ཀྱིས་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཏེ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སོང་བ་དང་། ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་འཕེལ་རྒྱས་མྱུར་པོ་བྱུང་ཁར་པི་ལེ་ཨེ་ཧྥུའུ་སི་གྲུ་ཁའི་རྣམ་གྲངས་ལའང་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོས་ས་ལུའོ་ཉི་ཁ་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སྐབས་82པའི་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་བྱས་པའི་ཐོག་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཆུ་ཚད་སྔར་བས་མཐོ་བའི་འགོ་འཛུགས་ས་གསར་པར་སླེབས་པ་དང་འཕེལ་རྒྱས་ཀྱི་མདུན་ལམ་ཡང་ཧ་ཅང་རྒྱ་ཆེ་ལུགས་མཚོན་གྱི་ཡོད་ཅེས་གསུངས། ས་ལུའོ་ཉི་ཁ་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ནི་པའར་ཀན་དང་ཡོ་རོབ་ཤར་ལྷོ་ས་ཁུལ་དུ་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་འགྲེམས་ཚོགས་ཀྱི་གྲས་ཡིན། ད་རེས་ཀྲུང་གོའི་ཉོ་ཚོང་སྐུལ་སྤེལ་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོའི་སྤུས་རྟགས་ཁེ་ལས་100ལྷག་སྒྲིག་འཛུགས་བྱས་ནས་འགྲེམས་ཚོགས་ནང་ཞུགས་པ་དང་། འགྲེམས་ཁུལ་གྱི་རྒྱ་ཁྱོན་སྨི་ངོས་གྲུ་6000ཙམ་ཟིན་པར་འགྲིམ་འགྲུལ་དང་། གློག་འཕྲིན། ནུས་རྒྱུ། རིག་ནུས་བཟོ་སྐྲུན། ལྗང་མདོག་ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་ཐད་ཀྱི་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་གཅིག་སྡུད་ངང་མངོན་པར་བྱས་ཡོད།